གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་གྱི་ཉིནམ་ ག་ཅི་སྦེ་ བརྩི་སྲུང་འབདཝ་ཨིན་ན?

ཟླ་༥ པའི་ཚེས་༡

༉ སྤྱི་ལོ་༡༩༡༥ ལུ་ ཨར་ཇེན་ཊི་ན་ལུ་ དོ་མིང་གོ་ ཕའུསི་ཊི་ནོ་ ཧར་མིན་ཊོ་ ཤི་བའི་ཉིནམ་དང་ སྤྱི་ལོ་༡༩༦༢ ལུ་ རྒྱ་གར་རྒྱལ་ཁབ་ནང་ ཌོག་ཊར་ སར་བེ་པཱ་ལི་ རཱ་ད་ཀི་རིཤ་ནཱན་ སྐྱེས་བའི་ཉིནམ་དང་འབྲེལ་ སློབ་དཔོན་གྱི་ཉིནམ་ཡང་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ལོ་༢༠༠༣ ཟླ་༤ པའི་ཚེས་༢ ལུ་ འབྲུག་རྒྱལ་ཁབ་ནང་ དེང་སང་གི་ ཤེས་ཡོན་འགོ་བཙུགས་གནང་མི་ མི་དབང་འབྲུག་རྒྱལ་༣ པའི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།


རྒྱལ་ཁབ་ནང་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགས་པའི་སྐབས་ལུ་ སློབ་གྲྭའི་སློབ་དཔོན་ཨིན་མི་ ད་རེས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ ལས་རིམ་འགོ་དཔོན་གཙོ་འཛིན་ རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༣ གྱི་ཧེ་མར་ རྒྱལ་ཁབ་ནང་ དེ་བཟུམ་མའི་ ལམ་ལུགས་ཚུ་མེདཔ་ཨིན་རུང་ སློབ་གྲྭ་ལ་ལུ་ཅིག་ནང་ སྤྱི་ཟླ་༩ པའི་ཚེས་༥ ལུ་ རྒྱ་གར་གྱི་ སློབ་དཔོན་གྱི་ཉིནམ་དང་འབྲེལ་ དུམ་གྲ་རེ་ བརྩི་སྲུང་འབད་སར་ མཐོང་ཡི་ཟེར་ཨིན་པས།
དེ་བསྒང་ ཁོང་སློབ་དཔོན་དག་པ་ཅིག་གིས་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ དེ་བཟུམ་མའི་ དུས་སྟོན་དེ་ ཁག་ཆེཝ་སྦེ་ མཐོང་མི་ལུ་བརྟེན་ ལྷན་ཁག་ནང་ གྲོས་གཞི་ཚུ་ བཙུགས་ཏེ་འབད་རུང་ དེ་ལུ་ རྒྱབ་སྐྱོར་འབད་མི་སློབ་དཔོན་ གངམ་མེད་ནི་དེ་གིས་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༠ གི་སྔ་ཆ་ལུ་ རྟ་མགྲིན་རྡོ་རྗེ་ ཁོ་ར་ ཐིམ་ཕུ་རྫོང་ཁག་གི་ ཤེས་རིག་འགོ་དཔོན་ལས་རོགསཔ་སྦེ་ སྡོད་པའི་སྐབས་ ཐིམ་ཕུའི་ སློབ་གྲྭ་ཚུ་གི་ སློབ་དཔོན་གོངམ་དང་ སློབ་གོང་ལས་རོགསཔ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་བསྟུན་འབད་ཐོག་ལས་ ད་རུང་ གྲོས་གཞི་དེ་ ལོག་སྟེ་ར་ ལོ་བསྟར་ཤེས་རིག་ཞལ་འཛོམས་ནང་ བཙུགས་པའི་སྐབས་ལུ་ གནང་བ་གྲུབ་ཅི་ཟེར་ཨིན་པས།
ཁོ་གིས་ དྲན་ཚོར་འབད་དེ་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ དུས་སྟོན་དེ་ བརྩི་སྲུང་འབད་ནིའི་དོན་ལུ་ གནང་བ་གྲུབ་རུང་ རྒྱབ་སྣོན་འབད་མི་ སློབ་དཔོན་ཚུ་གི་བར་ན་ ནམ་བརྩི་སྲུང་འབད་ནི་ཨིན་ན་ གཏན་འཁེལ་བཟོ་མ་ཚུགས་ཟེར་ཨིན་པས།
དེ་བསྒང་ སློབ་དཔོན་ལ་ལུ་ཅིག་གིས་ སློབ་དཔོན་གྱི་ཉིནམ་དེ་ སློབ་དཔོན་པདྨ་འབྱུང་གནས་ཟེར་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ བརྩི་སྲུང་འབད་ནི་དང་ ལ་ལུ་ཅིག་གིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྐུ་མཆོད་སྐབས་ལུ་ དེ་ལས་ ལ་ལུ་ཅིག་གིས་ འབྲུག་རྒྱལ་༣ པའི་ འཁྲུངས་སྐར་དུས་སྟོན་སྐབས་ལུ་ བརྩི་སྲུང་འབད་དགོཔ་སྦེ་སླབ་སྟེ་ གྲོས་འཆམ་བྱུང་མ་ཚུགས་པར་ སྡོད་པའི་སྐབས་ སྡེ་ཚན་༣ ཆ་རང་གིས་ བསམ་འཆར་ཚུ་ ལྷན་ཁག་ནང་ ཕུལ་བཏངམ་ད་ དེ་བསྒང་གི་ ཤེས་རིག་བློན་པོ་ སངས་རྒྱས་དངོས་གྲུབ་ཀྱིས་ མི་དབང་འབྲུག་རྒྱལ་༣ པའི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ཏེ་ བརྩི་སྲུང་འབད་དགོ་པའི་ གྲོས་ཐག་བཅད་གནང་ཡི་ཟེར་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ སློབ་དཔོན་གྱི་ཉིནམ་དེ་ འགོ་དང་པ་ར་ ཐིམ་ཕུ་རྫོང་ཁག་གི་ སློབ་གྲྭ་ཚུ་ནང་ བརྩི་སྲུང་འབད་ཡི་ཟེར་ཨིནམ་ད་ དེ་བསྒང་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ རང་སོའི་ སློབ་གྲྭ་ཚུ་ནང་ ཉིན་མའི་དུས་ཚོད་ལུ་ བརྩི་སྲུང་འབད་བའི་ཤུལ་ལུ་ ཕྱི་རུ་ སྐལ་སྐྱིད་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་སྦེ་ ཐིམ་ཕུ་རྫོང་ཁག་གི་ སློབ་དཔོན་༨༠༠ ལྷགཔ་ཅིག་ འཛོམས་ཐོག་ལས་ བརྩི་སྲུང་འབད་ཡི་ཟེར་ཨིན་པས།
དེ་བསྒང་ ཤེས་རིག་བློན་པོ་གིས་ རྒྱལ་ཡོངས་ལུ་ སྤྱི་ཟླ་༥ པའི་ཚེས་༢ ལུ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་དགོ་པའི་ གསུང་བཤད་གནང་ཡོདཔ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༡ དེ་ཅིག་ ཐིམ་ཕུ་རྫོང་ཁག་ ཨིས་ཀའུཊ་ཚོགས་སྡེ་གིས་ བྱིན་ཡོདཔ་སྦེ་སླབ་ཅི།
བརྩི་སྲུང་འགོ་བཙུགས་པའི་སྐབས་ལུ་ གཙོ་བོ་ར་ སློབ་དཔོན་ཚུ་ལུ་ སློབ་ཕྲུག་དང་ ཕམ་ཚུ་གིས་ ངལ་རངས་དང་ བཀའ་དྲིན་བསམ་ནི་དང་ རྒྱལ་ཁབ་ནང་ ཤེས་རིག་གི་སྤུས་ཚད་ ལེགས་ཤོམ་བཟོ་ནི་ དེ་ལས་ སློབ་ཕྲུག་དང་ མི་སྡེ་ཚུ་གིས་ རང་སོའི་སློབ་དཔོན་ཚུ་ལུ་ བསམ་འཆར་བཀོད་ནི་གི་ གོ་སྐབས་བྱིན་ནིའི་དོན་ལུ་ དམིགས་ཏེ་ ཨིན་ཟེར་ཨིན་པས།
ལས་རིམ་གཙོ་འཛིན་འགོ་དཔོན་གྱིས་འབད་བ་ཅིན་ དེ་བསྒང་ སློབ་ཕྲུག་ཚུ་གིས་ རང་སོའི་རེ་སྨོན་དང་ བཀའ་དྲིན་ཚུ་ རང་གིས་ ཡི་གུ་བྲིས་ཐོག་ལས་ སློབ་དཔོན་ཚུ་ལུ་ ལེགས་སྨོན་དང་ བཀའ་དྲིན་དགའ་ཚོར་གྱི་ ཤོག་བྱང་ཚུ་ བྱིན་ནི་སྦེ་ འགོ་བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ རྒྱལ་ཁབ་ཀྱི་ གོང་འཕེལ་དང་འཁྲིལ་ཏེ་ ལམ་ལུགས་ཚུ་ མ་འདྲཝ་སྦེ་ ཐལ་སོ་ནུག་ཟེར་ཨིན་པས།
མ་གཞི་ དུས་རབས་༢༠ པའི་ནང་ འཛམ་གླིང་རྒྱལ་ཁབ་ ལེ་ཤ་ཅིག་ནང་ར་ རང་སོའི་རྒྱལ་ཁབ་ནང་ ཤེས་ཡོན་གྱི་ ལམ་ལུགས་ འགོ་བཙུགས་གནང་མི་ མི་ངོ་ཚུ་གི་ སྐྱེས་ཚེས་དང་ ཤི་བའི་ཟླ་ཚེས་ དེ་ལས་ ཤེས་ཡོན་གྱི་ལམ་ལུགས་ཚུ་ ལེགས་ལམ་ལུ་ཞུགས་ཡོད་པའི་ ཉིནམ་ཚུ་དང་འབྲེལ་ཏེ་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་འབད་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
དེ་འབད་ནི་དེ་གིས་ རྒྱལ་སྤྱིའི་དུས་སྟོན་ གཞན་ཚུ་བཟུམ་སྦེ་ རྒྱལ་ཁབ་རང་སོའི་ ཤེས་ཡོན་གྱི་ཉིནམ་ཚུ་ ལོ་བསྟར་བཞིན་དུ་ དུས་ཚོད་སོ་སོ་ཚུ་ནང་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།
ཨིན་རུང་ མོ་རོ་ཀོ་དང་ ཨཱལ་ཇེ་རི་ཡ་ ཏུ་ནི་སི་ཡ་ ལི་བི་ཡ་ ཨི་ཇིབཊི་ ཇོར་ཌན་ སའུ་དྷི་ཨ་ར་བི་ཡ་ ཡེ་མེན་ བྷ་རི་ཕཱན་ ཀོ་ཊཱར་ ཡུ་ཨེ་ཨི་ དེ་ལས་ ཨོ་མཱན་རྒྱལ་ཁབ་༡༢ འི་ནང་འབད་བ་ཅིན་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ དུས་མཉམ་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།
ཉིནམ་དེ་ཁར་ སློབ་ཕྲུག་ཚུ་གིས་ གོ་ལ་ཚུ་ ཁོང་རའི་ སློབ་དཔོན་ཚུ་བཟུམ་སྦེ་ གྱོན་ཐོག་ལས་ ཁོང་རང་ལས་ཆུང་མི་ ཆ་རོགས་ཚུ་ལུ་ སློབ་སྟོན་འབད་ནི་དང་ སློབ་དཔོན་ཚུ་གིས་ ཨ་རྟག་གི་འབད་བཞག་ཚུ་ ག་དེ་སྦེ་ སྟོན་དོ་ཡོདཔ་ཨིན་ན་ཚུ་ དཔེ་བལྟ་ཞིནམ་ལས་ ལས་རིམ་ཚུ་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།
ཉིནམ་དེ་ལུ་ རེས་ཚེ་སྐབས་ སློབ་དཔོན་ཚུ་གིས་ ཧེ་མ་ ཁོང་རང་ཡང་ སློབ་ཕྲུག་སྦེ་སྡོད་པའི་སྐབས་ཀྱི་ རྗེས་དྲན་ཐོག་ལས་ སློབ་ཕྲུག་བཟོ་སྟེ་ སློབ་ཁང་ནང་ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ལས་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་ བཟོ་ཚུགསཔ་ཨིན་པས།
འབྲུག་གི་ སློབ་གྲྭ་མང་ཤོས་ཅིག་ནང་ར་ སློབ་ཕྲུག་ཚུ་གིས་ སློབ་དཔོན་ཚུ་ལུ་ ཅ་ཆས་ཚུ་ཉོ་སྟེ་ ཁྱོསམ་བྱིན་དོ་ཡོད་པའི་ཁར་ ལེགས་སྨོན་གྱི་ ཤོག་བྱང་ཚུ་ཉོ་ཞིནམ་ལས་ བཀྲིན་དགའ་ཚོར་གྱི་ ཡི་གུ་ཚུ་བྲིས་ཏེ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment