ན་གཞོན་ཚུ་ ལྟེ་བ་ནང་འོང་པ་ཅིན་ མི་ཚུ་གིས་ བརྡ་བྱང་ལུ་བལྟ་སྟེ་ ཁོང་གི་གནས་སྟངས་སྐོར་ལས་ ཤེས་ཚུགས་ནི་མས་ཟེར་བའི་ རྣམ་རྟོག་བསྐྱེད་དེ་ འོང་མི་བཏུབ་པས་ཟེར་ཨིན་པས།
༉ ན་གཞོན་གོང་འཕེལ་མ་དངུལ་གྱིས་ བུམ་ཐང་ལུ་ གཞི་བཙུགས་འབད་མི་ སྨྱོ་རྫས་དང་ཆང་གི་བསླབ་སྟོན་ལྟེ་བ་དེ་ རྫོང་ཁག་ནང་ ཆང་དང་སྨྱོ་རྫས་ ཤུགས་ཐལ་མི་ཚུ་ལུ་ གྲོགས་རམ་དང་བསླབ་སྟོན་ཚུ་ བྱིན་ནིའི་དོན་ལུ་ཨིན་རུང་ དང་འདོད་བསྐྱེད་དེ་ ངོས་ལེན་འབད་མི་ དག་པ་ཅིག་ལས་ མི་ཐོན་དོ་ཡོདཔ་ཨིན་པས།
སྨྱོ་རྫས་དང་ཆང་གི་བསླབ་སྟོན་ལྟེ་བའི་ འཛིན་སྐྱོང་འགོ་དཔོན་ བློ་གྲོས་བཟང་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྟེ་བ་ནང་ གནམ་དགུན་དང་ བྱཱར་གྱི་ ངལ་གསོའི་སྐབས་ སློབ་ཕྲུག་ཨ་ལུ་ཚུ་ འོང་དོ་ཡོདཔ་ཨིན་རུང་ དེ་མིན་པའི་ དུས་ཚོད་མང་ཤོས་ནང་ ག་ཡང་འོང་མི་མེདཔ་ལས་ སྟོངམ་སྦེ་ར་ ལུསཔ་མས་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ད་ལྟོ་ཡང་ ལྟེ་བའི་ནང་ལས་ བསླབ་སྟོན་ལེན་མི་ ག་ཡང་མེདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་གྲྭའི་ངལ་གསོ་སྐབས་ལུ་ ལྟེ་བ་ནང་འོང་མི་ སློབ་ཕྲུག་ཨ་ལུ་ཚུ་ཡང་ མང་ཤོས་ར་ ལྟེ་བ་གི་ མཐུན་རྐྱེན་ཚུ་ སྤྱོད་ནིའི་དོན་ལུ་ འོང་དོ་ཡོདཔ་མ་གཏོགས་ སྨྱོ་རྫས་དང་ཆང་ལུ་ ཤུགས་ཐལ་ཏེ་ འོང་མི་མེན་པས་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ཚུ་གིས་ སྨྱོ་རྫས་དང་ཆང་གི་བསླབ་སྟོན་ལྟེ་བ་ནང་ མ་འོང་མི་དེ་ གཙོ་བོ་ར་ ད་ལྟོའི་ ལྟེ་བ་དེ་ བྱ་དཀར་ལྷ་ཁང་གི་ འཁོར་ལམ་གྱི་ ཉེ་འདབས་ལུ་འབད་བའི་ཁར་ ལྟེ་བའི་བརྡ་བྱང་ནང་ཡང་ སྨྱོ་རྫས་དང་ཆང་གི་ བསླབ་སྟོན་ལྟེ་བ་ཟེར་ བྲིས་ཏེ་ཡོདཔ་ལས་ ན་གཞོན་ཚུ་ ལྟེ་བ་ནང་འོང་པ་ཅིན་ མི་ཚུ་གིས་ བརྡ་བྱང་ལུ་བལྟ་སྟེ་ ཁོང་གི་གནས་སྟངས་སྐོར་ལས་ ཤེས་ཚུགས་ནི་མས་མནོ་བའི་ རྣམ་རྟོག་བསྐྱེད་དེ་ འོང་མི་བཏུབ་པས་ཟེར་ཨིན་པས།
ལྟེ་བ་ནང་ བསླབ་སྟོན་གྱི་དོན་ལུ་ འོང་མི་ཚུ་ཡང་ ཨ་རྟག་ར་ ཆང་འགྲངས་སྡོད་མི་ ཕོ་སྐྱེས་ཅིག་ཡོདཔ་ཨིན་རུང་ ཁོ་ཡང་ ཉིན་མའི་དུས་ཚོད་ལུ་མེན་པར་ ཁོ་ར་ ནམ་ཆང་འགྲངསམ་ཅིག་ ནུབ་མོ་འོང་དོ་ཡོདཔ་མ་ཚད་ ལྟེ་བ་གིས་ བསླབ་སྟོན་བྱིན་མི་ལུ་ཡང་ ཉན་མི་བཏུབ་པས་ཟེར་ཨིན་པས།
ལྟེ་བ་ནང་ མཐུན་རྐྱེན་སྤྱོད་པར་ འོང་མི་ཚུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ལྟེ་བ་ནང་ བསླབ་བྱ་ལེན་པར་འོངམ་ད་ མི་གཞན་གྱིས་ ཤེས་འོང་མནོ་སྟེ་ ཐོ་ཡིག་ནང་ མིང་འབྲི་ནི་དང་ བརྒྱུད་འཕྲིན་ཨང་གྲངས་འབྲི་ནི་ལུ་ཡང་ ཁས་མི་ལེན་པས་ཟེར་ འཛིན་སྐྱོང་འགོ་དཔོན་གྱིས་ བཤད་ཅི།
ལྟེ་བའི་བསླབ་སྟོན་པ་ ལྷམ་རྡོ་རྗེ་གིས་ སླབ་མིའི་ནང་ ལྕམ་མཁར་ཁྲོམ་ནང་ ཆང་ལུ་ལང་ཤོར་ཐལ་མི་ ལེ་ཤ་ཡོད་དེ་འབད་རུང་ ག་གིས་ཡང་ ལྟེ་བ་ནང་ འོང་མི་བཏུབ་པས་ཟེར་ཨིན་པས།
ད་ལྟོའི་ གནས་སྟངས་བཟུམ་ཅིག་འབད་བ་ཅིན་ ལྟེ་བ་ནང་འོང་མི་ དཀོན་དྲགས་ཡོདཔ་ལས་ ལྟེ་བ་དེ་ ས་གནས་གཞན་ཁར་ སྤོ་ནི་གི་ འཆར་གཞི་ཡོད་པའི་ཁར་ བརྡ་བྱང་ནང་ ཆང་དང་སྨྱོ་རྫས་ཟེར་ བརྡ་བྱང་སྦྱར་ཡོད་མི་དེ་ ཀྲེག་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ད་ལྟོ་ ས་གནས་ག་ཏེ་ལུ་ སྤོ་བཤུད་འབད་ནི་ཨིན་ན་ ཏན་ཏན་མེད་ཟེར་ཨིན་པས།
ལྟེ་བ་གིས་ ངོ་རྐྱང་ཚུ་ལུ་ བསླབ་སྟོན་དང་ གློག་རིག་གི་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ ཆང་དང་སྨྱོ་རྫས་ལུ་ ཤུགས་ཐལ་མི་ཚུ་ སེམས་བསྒྱུར་བཅུག་ནིའི་དོན་ལས་ བསླབ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment