གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཁག་འབགཔ་ཚུ་ལུ་ གློག་མེ་ལས་འགུལ་གྱི་ ལཱ་འབད་ཚུགས་པའི་ འོས་འབབ་མེདཔ།

བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ དར་དཀར་ཆུ་གློག་མེ་ལས་འགུལ།
༢༤/༥/༢༠༡༢

༉ འབྲུག་གི་ཁག་འབགཔ་ཚུ་གིས་ གློག་མེའི་ལས་འགུལ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ དུས་ཅི་ལས་ མཐུན་ཚོགས་ཅིག་གཞི་བཙུགས་འབད་དེ་ གཞུང་ལུ་ གློག་མེ་ལས་འགུལ་གྱི་



དེའི་སྐོར་ལས་ ཁ་ཉིནམ་ རྒྱལ་ས་ལུ་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཁག་འབགཔ་ཚུ་གི་བར་ན་ ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཁག་འབགཔ་ཚུ་གིས་ གློག་མེ་ལས་འགུལ་གྱི་ལཱ་ ཕྱི་མི་རྐྱངམ་གཅིག་ལུ་བྱིན་ནི་མེན་པར་ ནང་འཁོད་ཁག་འབག་ཚུ་ལུ་ཡང་ གོ་སྐབས་གནང་པ་ཅིན་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་སྦོམ་སྦེ་ར་ཐོགས་ནི་མས་ཟེར་ཞུ་ཡི།
ཁོང་གིས་མནོ་དོན་ལྟར་ གྲུབ་འབྲས་མཐར་འཁྱོལ་བྱུང་ཚུགས་ནི་ལུ་ ལཱ་ཁག་བཏང་ནི་ཨིན་མི་དེ་ཡང་ གློག་མེའི་ལས་འགུལ་ནང་ བཅའ་མར་གཏོགས་དགོ་པ་ཅིན་ མ་དངུལ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༣༠,༠༠༠ དེ་ཅིག་ དགོ་ནི་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ཡོད་པའི་ ཁག་འབགཔ་༣,༠༠༠ ལྷགཔ་ཅིག་གིས་ མ་རྩ་བཏོན་རུང་ དངུལ་ཀྲམ་ས་ཡ་༣༠,༠༠༠ བཟོ་ཚུགས་པའི་ གོ་སྐབས་མེདཔ་ཨིན་པས།
འབྲུག་གཞི་རྟེན་ཚད་འཛིན་གྱི་ བཀོད་ཚོགས་གཙོ་འཛིན་འགོ་དཔོན་ ཀུན་དགའ་ཚེ་རིང་གིས་འབད་བ་ཅིན་ གློག་མེ་ལས་འགུལ་དེ་ དབྱེ་རིམ་ཁག་༥ སྦེ་ བཟོ་ཞིནམ་ལས་ ལཱ་འབད་དགོཔ་བཞིན་དུ་ དབྱེ་རིམ་གཅིག་ལུ་རང་ མ་དངུལ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༡༠,༠༠༠ དེ་ཅིག་དགོ་ནི་ཨིནམ་ད་ དབྱེ་རིམ་ཡོངས་བསྡོམས་ལུ་འབད་བ་ཅིན་ ཉུང་ཤོས་ དངུལ་ཀྲམ་ས་ཡ་༣༠,༠༠༠ དང་༥༠,༠༠༠ གི་ བར་ན་དགོ་ནི་ཨིནམ་ལས་ ནང་འཁོད་ཁག་འབགཔ་ཚུ་གིས་ འདི་བཟུམ་གྱི་མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་དགོ་པའི་ ལཱ་འབད་ཚུགས་ནིའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
ནང་འཁོད་ཁག་འབགཔ་ཚུ་ལུ་ མ་དངུལ་གྱི་ དཀའ་ངལ་ཡོད་མི་གིས་མ་ཚད་པར་ གློག་མེའི་ལས་འགུལ་ནང་ ལཱ་འབད་ཚུགས་པའི་ ལྕོགས་གྲུབ་དང་ ཉམས་མྱོང་དང་ལྡན་མི་ཡང་མེདཔ་ཨིན་པས།
ལམ་ལུགས་དེ་གི་དོན་ལུ་ ཞིབ་འཚོལ་དང་ གོང་འཕེལ་གྱི་ཡིག་ཚང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ གློག་མེ་ལས་འགུལ་དང་འབྲེལ་བའི་ ལཱ་གི་སྐོར་ལས་ ཡིག་ཚང་གིས་ ཞིབ་འཚོལ་འབད་དེ་ ཐབས་ཤེས་བཏོན་པ་ཅིན་ ནང་འཁོད་ཁག་འབགཔ་ཚུ་གིས་ མ་འོངས་པར་ ལས་འགུལ་ནང་ བཅའ་མར་གཏོགས་ཚུགས་པའི་ གོ་སྐབས་འོང་ནི་མས་ཟེར་ བློན་ཆེན་ལུ་ཞུ་བ་ཕུལ་ཡོདཔ་ཨིན་པས།
བསྟན་རྒྱས་ལྷག་ཁག་ གློག་མེ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་ཀྱིས་ཞུ་མིའི་ནང་ འབྲུག་གི་ཁག་འབགཔ་ཚུ་ལུ་ ལྕོགས་གྲུབ་དང་ ཉམས་མྱོང་མེད་ནི་དེ་གིས་ ལཱ་འབད་མི་ཚུགསཔ་འོང་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ གློག་མེའི་ཆུ་མཛོད་ཁང་གཅིག་ རྐྱབ་ནི་ཨིན་པ་ཅིན་ ཁག་འབགཔ་དེ་ལུ་ ཧེ་མ་ལས་ ཆུ་མཛོད་ཁང་༣ དེ་ཅིག་རྐྱབ་ཡོད་པའི་ལཱ་གི་ ཉམས་མྱོང་དགོཔ་ཡོདཔ་ལས་ གལ་སྲིད་ ཉམས་མྱོང་མེད་པ་ཅིན་ སྤྱིར་བཏང་བཟོ་སྐྲུན་གྱི་ལཱ་བཟུམ་སྦེ་ གློག་མེའི་ལཱ་དེ་ འབད་མི་ཚུགས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་གསུངས་མིའི་ནང་ ཁག་འབགཔ་ཚུ་གིས་ གློག་མེའི་ལས་འགུལ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གནས་ཚད་དང་ ཁྱད་ཆོས་ཚང་མ་ཚུགསཔ་ལས་ ཧེ་མ་ར་ ལྕོགས་གྲུབ་གོང་འཕེལ་བཏང་དགོཔ་འདུག་ཟེར་ཨིནམ་ད་ ཁག་འབགཔ་ཚུ་ལྕོགས་གྲུབ་ཅན་ཡོད་པ་ཅིན་ ལས་འགུལ་ནང་བཅའ་མར་གཏོགས་ནིའི་དོན་ལུ་ གཞུང་གིས་རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
གློག་མེ་ལས་འགུལ་དེ་ ཟད་འགྲོ་མ་དངུལ་སྦོམ་གནས་པའི་ ལཱ་ཅིག་ཨིན་པའི་ཁར་ ཉེན་ཁ་སྦོམ་ཤོས་ཅིག་ཨིནམ་ལས་ ལཱ་དེ་ལེགས་ཤོམ་སྦེ་ འབད་མ་ཚུགས་ཅིན་ གཞུང་ལུ་ གྱོང་རྒུད་སྦོམ་ཕོག་ནི་ཨིནམ་ལས་ ཞུ་བ་འབད་མི་དང་འཁྲིལ་ གཞུང་གིས་ ཉེན་ལེན་འབད་མི་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ མཐུན་ཚོགས་ཅིག་གཞི་བཙུགས་འབད་བའི་བསྒང་ཡོད་མི་དེ་ བཟོ་ཚར་བའི་སྐབས་ལུ་ ད་རུང་ གཞུང་ལུ་དྲན་གསོའི་སྙན་ཞུ་ཚར་ཅིག་འབད་ཟེར་ བློན་ཆེན་གྱིས་གསུངས་ཡི།
འབྲུག་བཟོ་སྐྲུན་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཆོས་སྐུ་འབྲུག་པ་གིས་ཞུ་མིའི་ནང་ མཐུན་ཚོགས་ཀྱི་དོན་ལུ་ ད་ལྟོ་ འཐུས་མི་ཚུ་ ཐོ་བཀོད་འབད་བའི་བསྒང་ར་ཡོདཔ་ལས་ མཐུན་ཚོགས་དེ་གཞི་བཙུགས་འབད་ཚར་ཞིནམ་ལས་ ལས་འགུལ་ནང་ བཅའ་མར་གཏོགས་ཆོག་པའི་ གོ་སྐབས་ གནང་པ་ཅིན་ ཁག་འབགཔ་ཚུ་ལུ་ཉམས་མྱོང་ཚུད་ནི་དང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ ཕན་ཐབས་འོང་ནི་མས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་འབད་བ་ཅིན་ ད་ལྟོ་ ང་བཅས་རའི་ རྒྱལ་ཁབ་ནང་ཡོད་པའི་ དངུལ་ཁང་ག་ར་བསྡོམས་ཏེ་ མ་དངུལ་སྐྱིན་འགྲུལ་བྱིན་ཏེ་འབད་རུང་ གློག་མེ་ལས་འགུལ་གཅིག་སྒྲུབ་ཚུགས་པའི་ མ་དངུལ་གྱི་ཐོག་ཁུངས་མེདཔ་ལས་ ལས་འགུལ་དེ་ རྒྱ་གར་གྱི་ལས་སྡེ་ལུ་ བྱིན་དགོཔ་གནད་དོན་ཅིག་ འདི་ལུ་བརྟེན་ཏེ་ཨིན་ཟེར་ གསུངས་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment