སྲིད་དོན་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ ཐབས་ལམ་དེ་ལུ་ ལེགས་པའི་ངོས་ལེན་འབདཝ་ཨིན་མས།
༉ འབྲུག་ཕུན་སུམ་ཚོགས་པ་གིས་ ད་ལྟོའི་ སྤྱི་ཚོགས་ཀྱི་ འཐུས་མི་༡༠ དེ་ཅིག་ལུ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ཐེངས་༢ པའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་མི་འབྱིན་ནི་ཨིན་རུང་ འཐུས་མི་ག་དང་ག་ཨིན་ན་ མིང་གསལ་སྟོན་མ་འབད་བར་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདས་པའི་རེས་གཟའ་པ་སངས་ལུ་ བརྡ་བརྒྱུད་ཀྱི་ ལཱ་འབད་མི་ཚུ་ལུ་ གསུངས་མིའི་ནང་ ད་ལྟོ་ སྤྱི་ཚོགས་ནང་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཉུང་ཤོས་༡༠ དེ་ཅིག་ལུ་ སང་ཕོད་ཀྱི་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་པའི་ ཤོག་འཛིན་མི་བྱིན་ནི་ཨིནམ་ ངེས་གཏན་ཨིན་རུང་ ད་ལྟོ་ ག་དང་ག་ར་ཨིན་ན་ སླབ་མི་ཚུགས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་འབད་བ་ཅིན་ ད་ལྟོ་ གསང་བ་སྦེ་ བཞག་མི་དེ་ གཞུང་གི་གནས་ཡུན་རྫོགས་ནི་ལུ་ ལོ་༡ དེ་ཅིག་ལས་བརྒལ་མེདཔ་ལས་ མིང་གསལ་སྟོན་འབད་བ་ཅིན་ ལཱ་གི་གྲུབ་འབྲས་ལུ་ གནོད་འོང་ཟེར་ཨིནམ་ད་ བཅའ་མར་གཏོགས་ཆོག་པའི་ཤོག་འཛིན་དེ་ འཐུས་མི་༡༠ དང་ ཡང་ཅིན་༡༠ ལས་ཡང་ ལྷག་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལས་རྒྱ་མཚོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ད་ལྟོ་ ཚོགས་པ་གིས་ གྲོས་བསྟུན་འབད་འབདཝ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐུས་མི་ག་ལུ་ ཤོག་འཛིན་བྱིན་མི་བྱིན་སྐོར་ལས་ ཚོགས་པའི་གཙོ་འཛིན་དང་ ཡང་ཅིན་ བཀོད་ཚོགས་ དེ་ལས་ ཆེ་རིམ་གྱི་ ཚོགས་ཆུང་གང་རུང་ཅིག་གིས་ གྲོས་ཐག་བཅད་དགོཔ་ཅིག་ཨིན་རུང་ ད་ལྟོའི་ ལམ་ལུགས་ཚུ་ཡང་ ཁ་གསལ་སྦེ་ བཟོ་སྟེ་མེདཔ་ལས་ ག་དེ་སྦེ་ གྲོས་ཐག་གཅད་ནི་ཨིན་ན་ ཏན་ཏན་མེད་ཟེར་ཨིན་པས།
ཨིན་རུང་ ཤོག་འཛིན་གནང་ནི་གི་ དབང་ཚད་དེ་ ཚོགས་པའི་གཙོ་འཛིན་ལུ་ཡོདཔ་ལས་ ཁོ་གི་ཐུགས་ཁར་ འཐུས་མི་ག་དང་ག་ར་ཨིན་ན་ ངོས་འཛིན་གནང་ཡོདཔ་འོང་ནི་ཨིན་རུང་ དེ་གི་སྐོར་ལས་ ཚོགས་པ་ལུ་ ག་ནི་ཡང་ མ་གསུངས་ཟེར་ འཕྲིན་ལས་རྒྱ་མཚོ་གིས་ བཤད་པའི་ཁར་ ད་རེས་ནངས་པ་ འཐུས་མི་ལ་ལུ་ཅིག་གི་སྐོར་ལས་ སྐྱོན་བརྗོད་འབད་མི་དེ་ རྒྱལ་ཁབ་ནང་ བཙག་འཐུ་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ཁོངས་ལ་ལུ་ཅིག་ནང་ འདེམས་ངོ་མེད་པ་ལུ་བརྟེན་ ལྕོགས་གྲུབ་དང་ ཉམས་མྱོང་མེད་མི་ཚུ་ལུ་ཡང་ ཤོག་འཛིན་བྱིན་དགོཔ་བྱུང་ཡོད་རུང་ ད་ལས་ཕར་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ འདེམས་ངོ་ངོས་འཛིན་འབད་ནི་ཟེར་ སླབ་ཨིན་པས།
སང་ཕོད་ཀྱི་ བཙག་འཐུའི་དོན་ལུ་ ད་ལྟོ་ འདེམས་ངོ་ཚུ་ གཏནའཁེལ་བཟོ་ནི་ འགོ་མ་བཙུགས་མི་དེ་ ཚོགས་པའི་རྒྱལ་ཡོངས་འདུའི་ འཐུས་མི་ཚུ་ ཕྱག་ལཱ་གནང་པའི་བསྒང་ཡོདཔ་ལས་ གལ་སྲིད་ འཐུས་མི་ངོས་འཛིན་འབད་ནི་ འགོ་བཙུགས་པ་ཅིན་ ལས་འབྲེལ་ཚུ་ལུ་ བར་ཆད་རྐྱབ་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ ད་ལྟོ་ ཚོགས་པའི་རྩིབ་ཞིབ་དང་ བུ་ལེན་སྤྲོད་ནི་གི་ ལཱ་རྐྱངམ་གཅིག་ འབད་དོ་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
སྲིད་དོན་ལུ་ རྗེས་དཔྱད་འབད་མི་ཚུ་གིས་ བསམ་འཆར་སླབ་མི་དང་འཁྲིལཝ་ད་ ཚོགས་པའི་གཙོ་འཛིན་གྱིས་ ད་རེས་ཀྱི་ འཐུས་མི་ལ་ལུ་ཅིག་ལུ་ ཤོག་འཛིན་མི་གནང་ཟེར་ གསུངས་མི་དེ་ ལེགས་ཤོམ་ཨིན་མི་དེ་ཡང་ འཐུས་མི་ལ་ལུ་ཅིག་ལུ་ ཉམས་མྱོང་དང་ལྕོགས་གྲུབ་མེད་པའི་ཁར་ འདེམས་ཁོངས་ནང་ཡང་ ཡིད་ཆེས་རུང་བའི་ ལཱ་གི་གྲུབ་འབྲས་ བཏོན་བཏོནམ་མེདཔ་ལས་ ད་ལས་ཕར་ འདེམས་ངོ་ག་བཟུམ་ཅིག་ གདམ་འཐུ་འབད་དགོ་ག་ ལེགས་ཤོམ་སྦེ་ ཐུགས་བཞེད་གནང་དགོ་ཟེར་ཨིན་པས།
གཞུང་མིན་ལས་ཚོགས་ཅིག་ནང་ ལཱ་འབད་མི་ ཕུན་ཚོགས་ཀྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་ཐེངས་༢ པའི་དོན་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་ཚུ་ གདམ་འཐུ་མ་འབད་བ་ཅིན་ ད་རུང་ མི་ཚུ་གིས་ སྐྱོན་བརྗོད་འབད་བའི་ གཞི་གནད་ཅིག་ལུ་ འགྱུར་འོང་ཟེར་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment