གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མང་སྡེ་ཆུ་ གློག་མེ་ལས་འགུལ་བཟོ་སྐྲུན་གྱི་ ལཱ་འགོ་བཙུགས་ཀྱི་རྟེན་འབྲེལ།

བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ རྡོ་རྫས་བཀལ་ཐོག་ལས་ 
བཟོ་སྐྲུན་གྱི་ལཱ་ འགོ་འབྱེད་འབད་བའི་བསྒང་།
༡༩/༠༥/༡༢ ༉ ཁ་ཙ་ ཀྲོང་གསར་གཡུར་མོ་ལུ་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་ གློག་མེ་ལས་འགུལ་བཟོ་སྐྲུན་གྱི་ ལཱ་འགོ་བཙུག་ནིའི་དོན་ལུ་ འགོ་འབྱེད་རྟེན་འབྲེལ་བརྩི་སྲུང་འབད་ཡི།

དེ་ཡང་ ལས་འགུལ་གྱི་ ཆུ་མཛོད་དང་ ཆུ་དུང་ དེ་ལས་ གློག་མེ་ཨམ་གྱི་ འཕྲུལ་ཁང་ཚུ་ རྒྱ་གར་གྱི་ ཡོངས་གྲགས་ཅན་གྱི་ བཟོ་སྐྲུན་ལས་སྡེ་ ཇའི་པར་ཀཱཤ་དང་ གེ་མཱོན་༢ ཀྱིས་ ཐོབ་ཡོདཔ་ད་ ཇའི་པར་ཀཱཤ་ལས་སྡེ་གིས་ ཆུ་མཛོད་དང་ གློག་མེ་ཁང་༢ རྐྱབ་ནིའི་དོན་ལུ་ མ་དངུལ་བསྡོམས་ དངུལ་ཀྲམ་ས་ཡ་༩༩,༡༢༥ ལྷགཔ་ཅིག་ རིན་བསྡུར་འབད་དེ་ ཁག་འབག་ལཱ་ ཐོབ་ཡོདཔ་ཨིན་པས།
ཇའི་པར་ཀཱཤ་ལས་སྡེའི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཨེ་ཀེ་ ཨིས་ཕཱ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་མེ་ལས་འགུལ་གྱི་ ས་འོག་གི་ལམ་ བསལ་ནིའི་དོན་ལུ་ ས་ཁོངས་ཁག་༥ ནང་ལས་ ས་དོང་ཁག་༥ སྤེད་ནིའི་དོན་ལུ་ ལམ་ཚུ་ཡང་ བཏོན་ཚར་ཡི་ཟེར་ཨིན་པས།
ས་འོག་གི་ལམ་ བསལ་ནིའི་དོན་ལུ་ ས་ཆ་རིག་པའི་ བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ས་དོང་སྤེད་པའི་སྐབས་ བྱག་ཚུ་དང་འཕྱད་རུང་ གདོང་ལེན་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ ལཱ་དེ་གི་དོན་ལུ  རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་ གེ་མཱོན་གྱིས་ དངུལ་ཀྲམ་ས་ཡ་༣,༤༣༡ རིན་བསྡུར་འབད་ཡོདཔ་ཨིན་པས།
ལས་འགུལ་གྱི་དོན་ལུ་ འཁོར་ལམ་ཀི་ལོ་མི་ཊར་༡༢.༥༩ དེ་ཅིག་ འབྲུག་པའི་ཁག་འབགཔ་ ཀེ་ཌི་དང་ ཕུན་སུམ་ དེ་ལས་ གཡང་འཁྱིལ་ལས་སྡེ་༣ གྱིས་ དངུལ་ཀྲམ་ས་ཡ་༡༥༤ ལྷགཔ་ཅིག་གི་ཐོག་ལས་ བསལ་ཡོདཔ་ཨིན་པས།
ཆུ་མཛོད་རྐྱབ་ནིའི་ དུས་ཡུན་དེ་ ཟླ་ངོ་༥༩ དང་ ས་དོང་འོག་གི་ལམ་གྱི་དོན་ལུ་ ཟླ་ངོ་༦༣ དེ་ལས་ གློག་མེའི་འཕྲུལ་ཨམ་དོན་ལུ་ ཟླ་ངོ་༥༤ གི་ནང་འཁོད་ལུ་ རྐྱབ་ཚར་དགོཔ་ཨིནམ་ད་ དེ་ཡང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་འགུལ་གྱི་ལཱ་ཚུ་ མཇུག་བསྡུ་ཚར་བའི་ཤུལ་ལས་ རྒྱལ་ཁབ་ཡུན་བརྟན་བཞག་ནི་དང་ ལཱ་གཡོག་གི་དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་མ་ཚད་ ན་གཞོན་ཚུ་གིས་ ལས་འགུལ་གྱི་ ལཱ་ཁག་ཚུ་ནང་ བཅའ་མར་གཏོགས་ཏེ་ སྦྱང་བ་འཐོབ་ནི་གི་ གོ་སྐབས་ཡང་ འཐོབ་ཚུགས་ཟེར་ཨིན་པས།

མང་སྡེ་ཆུ་ གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༡༧ ལུ་ མཇུག་བསྡུ་ནི་ཨིནམ་ད་ དེ་གི་དོན་ལུ་ ཟད་འགྲོ་བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༡༢,༥༥༧ དེ་ཅིག་ གནས་ནི་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།

No comments:

Post a Comment