ཐིམ་ཕུ་ ལྕང་གླིང་མི་ཐང་གི་ཉེ་འདབས་ལུ་ དད་ཅན་སྐྱ་སེར་ཚུ་གིས་ ཟངས་མདོག་དཔལ་རི་ལྷ་ཁང་བསྐོར་ར་རྐྱབ་སྟེ་ དུང་སྒྲུབ་བསག་པའི་བསྒང་། |
དེ་ཡང་ རང་ཟླ་༤ པའི་ཚེས་༡ ལས་འགོ་བཙུགས་ ཉིན་གྲངས་༩ གི་རིང་ ཆོས་ཀྱི་སྐུ་ སངས་རྒྱས་འོད་དཔག་མེད་ཀྱི་ གཟུངས་སྔགས་དུང་ཕྱུར་བསགས་ཡོདཔ་ད་ སྔ་འགྱུར་སྒོམ་སྡེ་ཚོགས་པའི་རྩིས་དྲུང་ སངས་རྒྱས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཆོས་ལོངས་སྤྲུལ་གསུམ་གྱི་ གཟུངས་སྔགས་དུང་ཕྱུར་བསགས་དགོ་མི་དེ་ སྤྱིར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་དང་ རྒྱལ་ཁབ་ཀྱི་ཞི་བདེ་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟངས་མདོག་དཔལ་རི་ལྷ་ཁང་དེ་ནང་ སྤྱི་ལོ་༡༩༩༧ ལས་ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿབསག་ནི་ འགོ་བཙུགས་ཡོད་རུང་ ལོ་༣ གྱི་རྒྱབ་ལས་ རྒྱལ་ཁབ་ནང་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་བའི་ཤུལ་ལུ་ ཆོས་ལོངས་སྤྲུལ་གསུམ་གྱི་ གཟུངས་སྔགས་བསག་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཟེར་མི་དེ་ སངས་རྒྱས་འོད་དཔག་མེད་ཀྱི་ ཆོས་ཀྱི་སྐུའི་རང་བཞིན་ཨིནམ་ལས་ སངས་རྒྱས་འོད་དཔག་མེད་ལུ་ གསོལ་བ་བཏབ་དགོ་པའི་ གཟུངས་སྔགས་ཨིནམ་ད་ སངས་རྒྱས་འོད་དཔག་མེད་ཀྱི་ གསུང་གི་གཟུངས་སྔགས་ ཨོཾ་མ་ཎི་པདྨེ་ཧྲཱུྃཿདེ་ སྤྱན་རས་གཟིགས་ཨིནམ་ལས་ ལོངས་སྐུའི་བྱིན་རླབས་འཇུག་ནི་དང་ ཨོཾ་བཛྲ་གུ་རུ་པདྨེ་སིདྡྷི་ཧཱུྃཿདེ་ སངས་རྒྱས་འོད་དཔག་མེད་ཀྱི་ ཐུགས་ཀྱི་གཟུངས་སྔགས་ཨིནམ་ལས་ གུ་རུ་རིན་པོ་ཆེ་ལུ་ གསོལཝ་བཏབ་སྟེ་ ཚེ་ཕྱི་མ་ འོད་དཔག་མེད་ཀྱི་ ཞིང་ཁམས་ལུ་ སྐྱེ་ནིའི་དོན་ལུ་ སྨོན་ལམ་བཏབ་དགོཔ་ཨིན་པས།
གཞལམ་སྒང་ལས་ སྐྱེས་ལོ་༧༣ ལང་མི་ ཨ་རྒས་ཀུན་བཟང་གིས་འབད་བ་ཅིན་ ལུས་ངག་ཡིད་༣ གྱི་ ལས་ངན་སྡིག་སྒྲིབ་དག་ནིའི་དོན་ལུ་ སངས་རྒྱས་འོད་དཔག་མེད་ཀྱི་ གཟུངས་སྔགས་བསག་པར་ འོང་ཡོདཔ་ལས་ ཁོ་གིས་ ཉིན་གྲངས་༩ གི་རིང་ལུ་ འབུམ་ལྷགཔ་ཅིག་ བསགས་ཚུགས་ཅི་ཟེར་ཨིན་པས།
མ་ཎི་དུང་སྒྲུབ་བསགས་པའི་ཤུལ་ལུ་ བཛྲ་གུ་རུ་དུང་སྒྲུབ་བསག་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment