གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསུག་འབུལ་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ཉེས་འཛུགས།

གསོ་བའི་འགོ་དཔོན་༤ གི་ རྩོད་བཤེར་འགོ་བཙུགས་ཡོད་རུང་ གཞན་མི་༢ ཀྱི་བཤེར་ཡིག་ཕྱིར་བཏོན།

༉ ཁ་ཙ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ གསོ་བའི་མཁོ་སྒྲུབ་ནང་ ལྟ་སྐོར་དང་འབྲེལ་བའི་ གསུག་འབུལ་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ ཉེས་འཛུགས་ཚུ་གི་ སྟ་གོན་སྙན་གསན་འབདཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོ་བའི་འགོ་དཔོན་༦ ལས་༢ ཀྱི་ བཤེར་ཡིག་ཕྱིར་བཏོན་འབད་ཡི།

དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྩ་ཁམས་དྲུང་འཚོ་དང་ ཕུན་ཚོགས་གླིང་གི་ སྨན་རིགས་བཀྲམ་སྤེལ་ཁང་གི་ མཁོ་སྒྲུབ་འགོ་དཔོན་ལུ་ ནང་གསུག་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ ཉེས་འཛུགས་འབད་དེ་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོད་རུང་ ཁ་ཙ་ སྟ་གོན་སྙན་གསན་ནང་ ཁོང་༢ གསོ་བའི་མཁོ་སྒྲུབ་ཀྱི་ རིན་བསྡུར་ཚོགས་ཆུང་ནང་ འབྲེལ་གཏོགས་དང་ ཤན་ཞུགས་ཞུགསཔ་མེད་པའི་ གནད་དོན་ཐོག་ བཤེར་ཡིག་ཕྱིར་བཏོན་གྱི་ ཞུ་བ་ཕུལ་མི་ལུ་ ཁྲིམས་འདུན་གྱིས་ ངོས་ལེན་མཛད་ཅི།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ མ་གཞི་ རྩ་ཁམས་དྲུང་འཚོ་དང་ མཁོ་སྒྲུབ་འགོ་དཔོན་༢ ཀྱིས་ ལྟ་སྐོར་གྱི་སྐབས་ལུ་ བཀྲམ་སྤེལ་བ་ལས་ བཟའ་ཉལ་གྱི་ ཟད་འཐུས་ཚུ་དང་ ཉིན་འཐུས་ལེན་ཡོདཔ་ལས་ ནང་གསུག་གི་གྲངས་སུ་ ཚུདཔ་ཨིན་རུང་ ཁོང་༢ ཆ་ར་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་མེནམ་ལས་ རིན་བསྡུར་ནང་ རྒྱུད་བསྐུལ་འབད་འབདཝ་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ཁོང་གཉིས་ཆ་ར་ འབྲེལ་ཡོད་འགོ་འཛིན་གྱིས་ གདམ་ངོ་བཏོན་ཏེ་ གསོ་བའི་དྲུང་ཆེན་གྱིས་ འགོ་ཁྲིད་འབད་མི་ ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ ལྟ་སྐོར་ལས་རིམ་༢ གནང་བ་གྲུབ་པའི་ཤུལ་ལུ་ ཌོག་ཊར་བཀྲིས་བསྟན་འཛིན་དེ་ ཇར་མི་ནི་ལུ་ སོང་ཡོདཔ་མ་ཚད་ མཁོ་སྒྲུབ་འགོ་དཔོན་དེ་ རྒྱ་ནག་ལུ་ སོང་ཡོདཔ་ཨིན་པས།
ལྟ་སྐོར་ལས་རིམ་དེ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ བི་ཀཱསི་སྨན་རིགས་བཀྲམ་སྤེལ་ལས་སྡེ་གིས་ ཟད་འགྲོ་བཏང་ཐོག་ལས་ རྒྱ་ནག་དང་ ཇར་མ་ནི་ལུ་ ཉིན་གྲངས་༡༠ རེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་འབདཝ་ད་ གསོ་བའི་འགོ་དཔོན་གཞན་༤ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ཨིན་པའི་ཁར་ བཀྲམ་སྤེལ་ནང་ ཤན་ཞུགས་མི་ལུ་བརྟེན་ གསུག་འབུལ་དང་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ དབྱེ་ཁག་བཟོ་ཐོག་ལས་ ཉེས་འཛུགས་འབད་ནུག།
འགོ་དཔོན་༤ གི་གྲས་ལས་༢ ཐིམ་ཕུ་སྨན་ཁང་གི་ རུས་ཚིགས་དྲུང་འཚོ་དང་ སོའི་དྲུང་འཚོ་ཨིནམ་ད་ གཞན་༢ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ སྨན་རིགས་དང་ སྨན་ཁབ་ མཁོ་ཆས་སྡེ་ཚན་གྱི་ མཁོ་སྒྲུབ་འགོ་དཔོན་གཙོ་འཛིན་བགྲེསཔ་དང་ གསོ་བའི་བདག་སྐྱོང་འགོ་དཔོན་གཙོ་འཛིན་བགྲེསཔ་དེ་ཨིན་པས།
སྤྱི་ལོ་༢༠༠༩ ཟླཝ་༤ པའི་ཚེས་༢༦ ལས་ ཉིན་གྲངས་༡༠ གྱི་དོན་ལུ་ རྒྱ་ནག་གི་ས་གནས་ ཕོ་ཤཱན་ལུ་ མཁོ་སྒྲུབ་འགོ་དཔོན་གཙོ་འཛིན་བགྲེསཔ་དང་ སོའི་དྲུང་འཚོ་ དེ་ལས་ ཕུན་ཚོགས་གླིང་གི་ མཁོ་སྒྲུབ་འགོ་དཔོན་དང་ བི་ཀཱསི་ལས་སྡེའི་ཚོང་རོགས་ དེབ་བཱ་ས་སོང་ཡོདཔ་ཨིན་པས།
ངག་དབང་རྡོ་རྗེ་དང་ སོའི་དྲུང་འཚོ་དེ་,༢༣༥ རེ་དང་ ཉིན་འཐུས་ཡུ་ཨེསི་ཌོ་ལར་༡,༥༠༠ རེ་ སྤྲོད་ལེན་ཡོདཔ་མ་ཚད་ ཇར་མ་ནི་ལུ་འགྱོཝ་ད་ ཟད་འཐུས་དངུལ་ཀྲམ་༩༣,༣༢༣ རེ་དང་ ཉིན་འཐུས་ཡུ་རོ་༡,༥༠༠ རེ་ ལེན་ཡོདཔ་ཨིན་པས།
དེ་ལས་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ཐད་ལུ་ མཁོ་སྒྲུབ་འགོ་དཔོན་གཙོ་འཛིན་བགྲེསཔ་དེ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་ཅིག་ཨིན་རུང་ ཤེས་བཞིན་དུ་ བི་ཀཱསི་བཀྲམ་སྤེལ་བའི་ གྲོས་འཆར་དང་འཁྲིལ་ རྒྱ་ནག་ལུ་ ལྟ་སྐོར་ལུ་ འགྱོ་ནིའི་དོན་ལས་ བདག་སྐྱོང་གི་ གནང་བ་ལེན་ཡོདཔ་མ་ཚད་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ བི་ཀཱསི་བཀྲམ་སྤེལ་ལས་སྡེ་ལས་ སོའི་མཁོ་ཆས་ཉོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བློ་རྫུས་མ་བཟོ་སྟེ་ རིན་བསྡུར་གྱི་ འཐུས་མི་གཞན་ཚུ་ལུ་ སླབ་ཐོག་ལས་ བཀྲམ་སྤེལ་བ་ལུ་ ཕན་གྲོགས་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
སོའི་དྲུང་འཚོ་དེ་ སོ་བཅོས་ལས་ཁུངས་ཀྱི་ འགོ་འཛིན་ཨིནམ་མ་ཚད་ སོ་བཅོས་རྐང་ཁྲི་ཚུ་གི་ རིན་བསྡུར་མཐོ་དྲགས་ཡོད་རུང་ ཁོ་གིས་ བི་ཀཱསི་ལུ་ བཀྲམ་སྤེལ་གྱི་ ཁག་འབག་སྤྲོད་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་འབད་ནུག།
རུས་ཚིགས་དྲུང་འཚོ་དང་ གསོ་བའི་བདག་སྐྱོང་འགོ་དཔོན་གཙོ་འཛིན་བགྲེསཔ་༢ ཇར་མ་ནི་ལུ་ འགྱོ་བའི་སྐབས་ ཟད་འཐུས་དངུལ་ཀྲམ་༩༣,༣༢༣ རེ་དང་ ཉིན་འཐུས་ཡུ་རོ་༡,༥༠༠ རེ་ ལེན་མི་དེ་ ནང་གསུག་གི་གྲངས་སུ་ཚུདཔ་མ་ཚད་ ཡིག་ཚང་གི་ ཚུལ་མིན་བྱ་སྤྱོད་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ རུས་ཚིགས་དྲུང་འཚོ་གིས་ རུས་ཚིགས་སྨན་བཅོས་མཁོ་ཆས་བཀྲམ་སྤེལ་གྱི་དོན་ལུ་ རིན་བསྡུར་འབད་བའི་སྐབས་ བཀྲམ་སྤེལ་བ་ལུ་ ཆ་རོགས་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བི་ཀཱསི་བཀྲམ་སྤེལ་བ་ལུ་ཡང་ གསོ་བའི་འགོ་དཔོན་ཚུ་ལུ་ ནང་གསུག་རྐྱབ་པའི་ ཉེས་འཛུགས་འབད་ཡོདཔ་ད་ ཚོང་རོགས་དེབ་བཱ་ས་དེ་ རྒྱ་ནག་དང་ ཇར་མ་ནི་གཉིས་ཆ་རའི་ནང་ གསོ་བའི་འགོ་དཔོན་ཚུ་དང་གཅིག་ཁར་ སོང་ཡོདཔ་མ་ཚད་ ཁོང་གི་ཟད་འཐུས་དང་ ཉིན་འཐུས་ཚུ་ ལྟ་སྐོར་ལུ་ འགྱོ་བའི་སྐབས་ ཀཱོལ་ཀ་ཊ་ལས་ སྤྲོད་ནུག་ཟེར་ཨིན་པས།
གསོ་བའི་མཁོ་སྒྲུབ་ཀྱི་ རིན་བསྡུར་ཚུ་ ལྟ་སྐོར་གྱི་ཤུལ་ལས་ སྤྱི་ཟླ་༨ པའི་ནང་ འབད་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་མ་ཚད་ ལྟ་སྐོར་གྱི་སྐབས་ གསོ་བའི་འགོ་དཔོན་ཚུ་ལུ་ ཟད་འཐུས་དང་ ཉིན་འཐུས་སྤྲོད་མི་ཚུ་ ངན་ལྷད་དང་འབྲེལ་བའི་ ལྐོག་ཟ་ཨིནམ་ལས་ དེ་ཚུ་ ལོག་ལེན་ཐོག་ལས་ གཞུང་གི་རྩིས་ཁྲ་ནང་ བཙུགས་གནང་དགོཔ་སྦེ་ཞུ་ཡི།
གསོ་བའི་འགོ་དཔོན་༤ གི་ བརྒལ་ལན་ཚུ་ ཤུལ་མའི་ཟླཝ་ནང་ ཕུལ་དགོཔ་སྦེ་ ཁྲིམས་འདུན་གྱིས་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment