གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་དོན་ཁག་༥ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་བཏང་ཡོདཔ།

ཕྱི་འབྲེལ་ལྷན་ཁག་གི་ ཚུལ་ལྡན་ལག་ལེན་མེད་མི་ དངུལ་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༩༠ དེ་ཅིག་ བེང་ཀོག་གི་ གཞུང་ཚབ་ལས་ཁང་ལས་ཐོན་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༡ གི་རྩིས་ཞིབ་སྙན་ཞུའི་ནང་ ཕྱི་འབྲེལ་ལྷན་ཁག་གི་འོག་ལུ་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པའི་ མ་དངུལ་ཚུ་ རྩིས་སྒྲིག་མ་འབད་བར་ དངུལ་ཀྲམ་ས་ཡ་༢༠༢.༧༢༠ ལུས་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༡༩༥ དེ་ཅིག་ བེང་ཀོག་ལུ་ཡོད་མི་ འབྲུག་གི་ གཞུང་ཚབ་ལས་ཁང་ལས་ ཐོན་ཡོདཔ་ལས་ ངན་ལྷད་དང་འབྲེལ་བའི་ རྩོད་དོན་༤ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་ཨིན་པས།


དེ་ཡང་ བེང་ཀོག་གི་ གཞུང་ཚབ་ལས་ཁང་གི་ མིང་ཐོ་ཁར་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་དེ་ལས་ ལྐོག་ཟའི་ནང་ དངུལ་ཀྲམ་ས་ཡ་༥.༢༨༨ ཀྱི་ རྩིས་ཐོ་བཏོན་ཡོད་མི་དེ་ཡང་ ལས་ཁང་དེ་གིས་ བེང་ཀོག་དངུལ་ཁང་གི་ དམིགས་བསལ་རྩིས་དེབ་ནང་ སྤྱི་ལོ་༢༠༠༨ ལས་ སྤྱི་ལོ་༢༠༡༡ ཚུན་ རྩིས་ལོ་༣ གྱི་རིང་ རྩིས་སྒྲིག་མ་འབདབར་ ཡུ་ཨེསི་ཌོ་ལར་༡༠༠,༧༡༦ ཁྱད་པར་དང་ ཆད་ཐོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ སྤྱི་ཟླ་༦ པའི་ཚེས་༣༠ ལུ་མཇུག་བསྡུ་མི་ ཡུ་ཨེསི་ཌོ་ལར་གྱི་ རྩིས་དེབ་ནང་ ཌོ་ལར་༢,༨༥༦ ཆད་ཐོན་པའི་ཁར་ གཞུང་ཚབ་ལས་ཁང་གི་ ལས་བྱེདཔ་དང་ བཟའ་ཚང་འཐུས་མི་ཚུ་ལུ་ ཐའི་གི་ཏི་རུ་ བཱད་༧༨,༩༨༥ འབདཝ་ད་ དངུལ་ཀྲམ་ས་ཡ་༠.༡༢༨ སྨན་བཅོས་ཀྱི་ ཟད་འགྲོ་སྦེ་ ཚར་གཉིས་སྤྲོད་ཡོདཔ་ད་ རྩོད་དོན་༣ ཆ་རའི་ འགན་འཁྲི་དེ་ གཞུང་ཚབ་ལས་ཁང་གི་འགོ་འཛིན་ བཙན་བྲག་སྟོབས་རྒྱས་ལུ་ བཀལ་ཐོག་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བཏང་ནུག།
ད་རུང་ རྩིས་ཞིབ་འབདཝ་ད་ གཞུང་ཚབ་ལས་ཁང་གིས་ འདས་པའི་ལོ་ངོ་༣ གྱི་རིང་ འབྲུག་ལས་ བེང་ཀོག་ལུ་ སྨན་བཅོས་འབད་བར་བཏང་མི་ ནདཔ་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༨༡.༣༧༨ (ཡུ་ཨེསི་ཌོ་ལར་༣,༤༣༠,༣༡༦) ཟད་འགྲོ་བཏང་མི་ལུ་ རྒྱབ་སྣོན་ཡིག་ཆ་གསལ་སྟོན་མ་འབད་བའི་ཁར་ སྨན་བཅོས་ཀྱི་ཟད་རྩིས་ཚུ་ དུས་མཚམས་ལུ་ དངུལ་རྩིས་ལྷན་ཁག་དང་ འབྲེལ་ཡོད་ཡིག་ཚང་གཞན་ཚུ་ནང་ བཙུགས་མི་ཚུ་ཡང་ རྩིས་ཞིབ་པ་ཚུ་ལུ་ བཏོན་མ་བཏུབ་ཟེར་ རྩིས་ཞིབ་སྙན་ཞུའི་ནང་ བཀོད་ཡོདཔ་ད་ རྩིས་ཐོ་ཚུ་ཡང་ ཚུལ་མཐུན་སྦེ་ མ་བཞག་པའི་ཁར་ དངུལ་འབྲེལ་བཅའ་ཡིག་དང་ སྒྲིག་གཞི་ཚུ་ལས་ ཐ་དད་ཡོད་པའི་ ངོས་འཛིན་བྱུང་ནུག།
རྩོད་དོན་དེ་གི་ འགན་འཁྲི་དེ་ ཐད་ཀར་དུ་ གཞུང་ཚབ་ལས་ཁང་གི་འགོ་འཛིན་ བཙན་བྲག་རྡོ་རྗེ་ལུ་བཀལ་ཏེ་ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ ན་ཧིང་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ལྷན་ཁག་ཚུ་གི་གྲས་ལས་ མ་དངུལ་ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པའི་ དངུལ་འབོར་མཐོ་ཤོས་ར་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་འོག་ལུ་ དངུལ་ཀྲམ་ས་ཡ་༢༣༤,༦༧ ཐོན་ཡོདཔ་ད་ ཨང་༢ པ་དེ་ ཕྱི་འབྲེལ་ལྷན་ཁག་ཨིནམ་སྦེ་ གསལ་བཀོད་འབད་ནུག།
ཕྱི་འབྲེལ་དྲུང་ཆེན་ ཟླཝ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལྷན་ཁག་གི་ མིང་ཐོ་ལུ་ རྩིས་སྒྲིག་མ་འབད་བའི་ དངུལ་འབོར་བསྡོམས་ དངུལ་ཀྲམ་ས་ཡ་༢༠༢.༧༢༠ བཏོན་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ བེང་ཀོག་གི་ གཞུང་ཚབ་ལས་ཁང་ལས་ ཐོན་ཡོད་མི་དེ་ཡང་ མང་ཤོས་ར་ ནདཔ་ཚུ་སྨན་བཅོས་འབད་བའི་ ཟད་འགྲོ་ཚུ་ཨིནམ་ད་ སྨན་བཅོས་ཀྱི་ ཟད་འགྲོ་ཚུ་ དངུལ་རྩིས་ལྷན་ཁག་གིས་ ཐད་ཀར་དུ་ འབྲེལ་ཡོད་གཞུང་ཚབ་ལས་ཁང་ལུ་ འཛིན་གྲོལ་འབདཝ་མ་ཚད་ ཟད་རྩིས་ཚུ་ཡང་ དངུལ་རྩིས་ལྷན་ཁག་ལུ་ བཙུགས་དོ་ཡོདཔ་ལས་ ཕྱི་འབྲེལ་ལྷན་ཁག་དང་གཅིག་ཁར་ འབྲེལ་བ་ག་ནི་ཡང་མེད་རུང་ དངུལ་འབོར་ཧྲིལ་བུ་ ལྷན་ཁག་གི་ མིང་ཐོ་ལུ་ བཏོན་མི་དེ་ ཚུལ་ལྡན་དང་ རྣམ་དག་ཅིག་ མི་མཐོང་པས་ཟེར་ ཕྱི་འབྲེལ་དྲུང་ཆེན་གྱིས་ སླབ་ཨིན་པས།
དེ་མ་ཚད་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་དང་འབྲེལ་བའི་ རྩོད་དོན་ཚུ་ག་ར་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཚར་ཡོདཔ་ལས་ རྩིས་ཞིབ་སྙན་ཞུའི་ནང་ གསལ་བཀོད་འབད་དགོཔ་ཅིག་མིན་འདུག་ཟེར་ ཟླཝ་དཔལ་འབྱོར་གྱིས་ ཀུན་གསལ་ལུ་ སླབ་ཨིན་པས།
དེ་མ་ཚད་ བེང་ཀོག་གིས་གཙོས་པའི་ གཞུང་ཚབ་ལས་ཁང་ཚུ་གིས་ ལས་བྱེདཔ་ཚུ་ལུ་ རྒྱབ་སྣོན་ཡིག་ཆ་མེད་པར་ དངུལ་ཀྲམ་ས་ཡ་༦.༧༥༩ སྤྲོད་ཡོདཔ་ད་ བེང་ཀོག་ལུ་ གཞུང་ཚབ་ལས་ཁང་གིས་ ཕྱི་རྒྱལ་གྱི་ དོན་གཅོདཔ་ཚུ་དང་ མཐུན་ལམ་བཟོ་ནིའི་དོན་ལུ་ ཨར་ཇི་ཟེར་མི་ སྐུ་ཚབ་དང་འབྲེལ་བའི་མ་དངུལ་ ཡུ་ཨེསི་ཌོ་ལར་༡༤,༨༨༠ རྩིས་བཱིལ་ག་ནི་མེད་པར་ སྤྲོད་ཡོདཔ་ད་ ཕྱི་འབྲེལ་ལས་གཡོག་པའི་ ཐོབ་ལམ་བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་བ་ཅིན་ ཨར་ཇི་མ་དངུལ་དེ་ བརྒྱ་ཆ་༥༠ འབྲེལ་ཡོད་འགོ་དཔོན་གྱི་ དངུལ་ཕོགས་ནང་ བཙུགསཔ་ཨིན་རུང་ ལྷག་ལུས་བརྒྱ་ཆ་༥༠ རྩིས་བཱིལ་བཙུགས་ཐོག་ལས་ ཐོབ་བརྗོད་བཀོད་དགོཔ་ཨིན་པས།
ད་རུང་ གཞུང་ཚལ་ལས་ཁང་དེ་གིས་ ཨ་ལུའི་ཤེས་ཡོན་གྱི་འཐུས་ ཌོ་ལར་༣༣,༨༤༠ སྤྲོད་ཡོད་རུང་ རྩིས་ཞིབ་པ་ཚུ་ལུ་ ཨ་ལུའི་རྒྱབ་སྣོན་ཡིག་ཆ་ཚུ་ གསལ་སྟོན་མ་འབདཝ་ཨིན་པས།
དེ་ལས་ བེལ་ཇི་ཡམ་གྱི་རྒྱལ་ས་ བཱ་ར་སིལསི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ ལམ་ལུགས་དང་མ་འཁྲིལ་བར་ ཨར་ཇི་མ་དངུལ་ ཡུ་རོ་༡༧,༦༠༧ སྤྲོད་ཡོདཔ་མ་ཚད་ ལས་བྱེདཔ་ཚུ་གི་ ཉེན་བཅོལ་མ་དངུལ་ ཡུ་རོ་༢༤,༦༧༠ ཉེན་བཅོལ་ལས་སྡེ་ཚུ་ལུ་མིན་པར་ ལས་བྱེདཔ་སོ་སོ་ལུ་ སྤྲོད་ཡོདཔ་ཨིན་པས།
ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་བཞུགས་སྐུ་ཚབ་ལས་ཁང་གིས་ ཟད་རྩིས་ཀྱི་ རྩིས་བཱིལ་བརྒྱ་ཆ་༥༠ མ་བཙུགས་པར་ ཨར་ཇི་མ་དངུལ་ཌོ་ལར་༤༦,༡༦༠ སྤྲོད་ཡོདཔ་མ་ཚད་ ལས་བྱེདཔ་དང་ བཟའ་ཚང་འཐུས་མི་ཚུ་ ཁྱིམ་ནང་འོང་ནི་གི་འཐུས་ ཌོ་ལར་༡༡,༤༧༧ རྒྱབ་སྣོན་ཡིག་ཆ་མེད་པར་ སྤྲོད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ བཏང་ཡོདཔ་ཨིན་པས།
ཌ་ཀ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ འགོ་དཔོན་ཚུ་ལུ་ ལམ་ལུགས་དང་མ་འཁྲིལ་བའི་ ཨར་ཇི་མ་དངུལ་ ཌོ་ལར་༧,༡༦༣ སྤྲོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment