ཁ་ཙ་ འབྲུག་ལྟ་བཤལ་ཚོགས་སྡེའི་ཁྲི་འཛིན་ ཀརྨ་བློ་གྲོས་ཀྱིས་ རྒྱལ་ཁབ་ནང་ རུ་པི་མང་སུ་ འོང་བཅུག་ནིའི་དོན་ལུ་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ལུ་ཡང་ ཁྲལ་བཀལ་དགོ་པའི་ ཞུ་བ་ཕུལ་བའི་བསྒང་། |
༉ ད་ལས་ཕར་ མི་སེར་སོ་ནམ་པ་ཚུ་ལུ་ སྐྱིན་འགྲུལ་གྱི་ཞབས་ཏོག་བྱིན་ནིའི་དོན་ལུ་ དངུལ་ཁང་གསརཔ་ཅིག་ སྒོ་ཕྱེ་ནིའི་འཆར་གཞི་རྩམ་དོ་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རིའི་ ཞལ་འཛོམས་ཁང་ནང་སྦེ་ རྫོང་ཁག་༢༠ འི་ ཚོང་པའི་འཐུས་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ལུ་གསུངས་ཡི།
གལ་སྲིད་དངུལ་ཁང་གསརཔ་ སྒོ་ཕྱེ་མ་ཚུགས་རུང་ འབྲུག་གོང་འཕེལ་དངུལ་ཁང་དེ་ དམིགས་བསལ་དུ་ མི་སེར་སོ་ནམ་པའི་ དངུལ་ཁང་ལུ་ བསྒྱུར་བཅོས་འབད་ནི་ཟེར་ཨིནམ་ད་ མ་གཞི་ དངུལ་ཁང་དེ་ གྲོང་གཡུས་ལུ་ སྐྱིན་འགྲུལ་བྱིན་མི་ཅིག་ཨིན་རུང་ ཚོང་འབྲེལ་གྱི་ཞབས་ཏོག་བྱིན་ནི་ཡང་ འགོ་བཙུགས་ཏེ་ ལོ་༡ དེ་ཅིག་ ལང་ཡོདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ད་ལྟོ་ སོ་ནམ་པ་ཚུ་གིས་ སྐྱིན་འགྲུལ་བརྒྱ་ཆ་༥ དེ་ཅིག་ཡང་ ལེན་མ་ཚུགས་མི་ཡོདཔ་ལས་ དམིགས་བསལ་གྱི་ དངུལ་ཁང་ཅིག་ འགོ་བཙུག་ཚུགས་པ་ཅིན་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་སྟེ་ འཚོ་བའི་གནས་སྟངས་ ལེགས་ཤོམ་བཟོ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དེའི་སྐོར་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་བྱུང་བའི་ གནད་དོན་ཐོག་ལུ་ གསུང་གྲོས་གནང་པའི་སྐབས་བྱུང་ཡོདཔ་ད་ བློན་ཆེན་མཆོག་གིས་འབད་བ་ཅིན་ རུ་པི་མ་ལང་པའི་ རྒྱུ་རྐྱེན་ངོ་མ་ར་ འབྲུག་མི་ཚུ་གིས་ རྒྱ་གར་ལས་ ཅ་ཆས་དང་ བཟའ་འཐུང་གི་རིགས་ བརྒྱ་ཆ་༨༠ དེ་ཅིག་ ནང་འདྲེན་འབད་མི་ལུ་བརྟེན་ཨིནམ་ད་ དེའི་གྲས་ལས་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་རིགས་ཡང་ རྒྱ་སྦོམ་སྦེ་ར་ ནང་འདྲེན་འབད་ནི་དེ་གིས་ གསོག་འཇོག་འབད་མི་ རུ་པི་གིས་ མ་ལང་པའི་དཀའ་ངལ་ ཐོན་དོ་ཟེར་ཨིན་པས།
དཀའ་ངལ་ལུ་ གདོང་ལེན་འབད་ནིའི་ཐབས་ལམ་ཅིག་ སྤྱི་ཟླ་༦ པའི་ཚེས་༢ ལས་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་ལས་ བཀག་འཛིན་འབད་དེ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ ལག་ལེན་འཐབ་ནིའི་ ལམ་ལུགས་བཟོ་ནི་ཨིན་པས།
བུམ་ཐང་རྫོང་ཁག་ལས་ ཚོང་པ་དཔལ་འབྱོར་གྱིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་གིས་ རྒྱལ་ཁབ་ཀྱི་ མཁོ་འདོད་ལང་ཚུགསཔ་བཟོ་ནིའི་དོན་ལུ་ ཞིང་དང་ ས་ཆ་སྟོངམ་ཡོད་མི་ཚུ་ ཚོད་བསྲེ་བཙུག་ཆོག་པའི་ ལམ་ལུགས་བཟོ་ནི་ཨིན་པས།
དཔལ་འབྱོར་གྱིས་འབད་བ་ཅིན་ ཚོད་བསྲེ་ག་དེམ་ཅིག་ འཛུགས་སྐྱོང་འབད་རུང་ གསོག་འཇོག་འབད་སའི་ ས་ཁོངས་དང་ བཙོང་སའི་ས་གོ་ཚུ་ ལེགས་ཤོམ་མེད་པ་ཅིན་ རུལ་ཏེ་ འཕྲོ་བརླག་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ གསོག་འཇོག་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞུང་གིས་ བཟོ་གནང་པ་ཅིན་ཟེར་ གསལ་ཞུ་འབད་མི་ལུ་ བློན་ཆེན་མཆོག་གིས་ གསོག་འཇོག་ཁང་མིག་དང་ བཙོང་སའི་ས་གོ་ སྐྱེལ་འདྲེན་གྱི་འཐུས་ སོན་བཀྲམ་སྤེལ་ སོ་ནམ་ཞིང་ལམ་བསལ་ནི་ དེ་ལས་ སོ་ནམ་འཕྲུལ་ཆས་བྱིན་ནི་ཚུ་གི་སྐོར་ལས་ གཞུང་གིས་ འཆར་གཞི་རྩམ་པའི་བསྒང་ཡོད་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་པའི་ཁྲི་འཛིན་ ཀརྨ་བློ་གྲོས་ཀྱིས་ ཞུ་མིའི་ནང་ ད་ལས་ཕར་ ལྟ་བཤལ་ལས་སྡེ་ཚུ་གིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ ལག་ལེན་འཐབ་ནི་ཟེར་ཨིནམ་མ་ཚད་ རུ་པི་ནང་ན་ མངམ་འོང་བཅུག་ནིའི་དོན་ལུ་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ལུ་ཡང་ རྒྱལ་ཁབ་གཞན་ལས་འོང་མི་ ལྟ་བཤལཔ་བཟུམ་སྦེ་ ཁྲལ་ཡངས་ཆག་མེད་པར་ བཀལ་དགོཔ་འདུག་ཟེར་ ཞུ་བའི་ལན་ལུ་ བློན་ཆེན་མཆོག་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་གྱི་ ལྟ་བཤལ་ཡོངས་བསྡོམས་༣༠,༠༠༠ འོང་མི་ལས་ གནད་ཚད་ཅན་གྱི་ ལྟ་བཤལཔ་༡༦,༠༠༠ འོང་ནུག་ཟེར་ཨིན་པས།
རྒྱ་གར་གྱི་ ལྟ་བཤལཔ་ཚུ་གིས་ ལོག་འགྱོ་བའི་སྐབས་ ཁྱོསམ་སྦེ་ལག་བཟོ་ཚོང་ཁང་ནང་ལས་ ཅ་ཆས་ཉོ་འབག་མི་གིས་ཡང་ འོང་འབབ་ལུ་ ཁེ་ཕན་སྦོམ་བྱུངམ་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ལམ་ལུགས་ རྒྱལ་ཁབ་གཞན་ལས་འོང་མི་ཚུ་ལུ་མེདཔ་ལས་ ཁེ་ཕན་འདྲ་མཉམ་མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ ཐུགས་བཞེད་གནང་སྟེ་ ལྟ་བཤལ་ལས་སྡེ་དང་གཅིག་ཁར་ གྲོས་བསྟུན་ཅིག་འབད་ནི་ཟེར་ཨིན་པས།
སྒེར་སྡེ་ཅིག་ནང་ལཱ་འབད་མི་ སྟོབས་རྒྱས་ཀྱིས་འབད་བ་ཅིན་ མགྱོནམ་ཚུ་གི་དོན་ལུ་ ཟ་ཁང་གི་ཁང་མིག་ ཚད་གཞི་དགོཔ་མིན་འདུག་ཟེར་ ཞུ་མི་ལུ་ བློན་ཆེན་གྱིས་ གསུངས་མིའི་ནང་ ཁང་མིག་ལུ་ ཚད་གཞི་མེད་པ་ཅིན་ ལ་ལུ་ཅིག་གིས་ ཕྱིའི་རྒྱལ་ཁབ་ལས་ རྒྱབ་སྐྱོར་ལེན་ཐོག་ ཁང་མིག་༡༥༠ དང་༣༠༠ གྱི་བར་ན་ བཟོ་མི་ཡང་ འཐོན་ནི་ཨིནམ་ལས་ གལ་སྲིད་ དེ་བཟུམ་གྱི་ལམ་ལུགས་ འགོ་བཙུག་པ་ཅིན་ མི་སྡེ་ནང་ གོང་འཕེལ་འདྲ་མཉམ་གཏང་མ་ཚུགས་པའི་ དཀའ་ངལ་འཐོན་འོང་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment