གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་འགལ་ཐོག་ལས་ ཚད་འཛིན་ཅན་གྱི་སྨྱོ་རྫས་ ནག་ཚོང་འཐབ་མི་ སྐྱེས་ལོ་༢༥ ལང་མི་ ཉེས་འཛུགས་ཅན་ ཤཱཀྱ་སྟོབས་རྒྱས་ལུ་ བཙོན་ཁྲིམས་ལོ་༢ བཀལ་ཡོདཔ་ཨིན་པས།


ལྷུན་རྩེ་ལས་ཨིན་མི་ ཉེས་འཛུགས་ཅན་དེ་ མགར་ས་ཆ་འོག་ ལུང་ནག་ནང་ལུ་ མི་སྡེ་གསོ་བའི་སྨན་ཁང་ནང་ གསོ་བའི་ལས་རོགསཔ་ཨིན་རུང་ ཡིག་ཚང་ནང་ ཏན་ཏོག་ཏོ་སྦེ་ སྡོད་མ་བཏུབ་མི་ལུ་བརྟེན་ གཡོག་ནང་ལས་ བཏོན་བཏང་ཡོདཔ་བཞིན་དུ་ ད་ལྟོ་ དར་དཀར་ནང་ལུ་ གཞིས་གསར་ནང་ སྡོད་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྨྱོ་རྫས་བཀག་འཛིན་སྡེ་ཕྲན་ལུ་ སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༦ ལུ་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ཉེས་ཅན་ཤཱཀྱ་སྟོབས་རྒྱས་ཀྱིས་ ཚད་འཛིན་ཅན་གྱི་རྒྱུ་རྫས་ མང་རབས་ཅིག་ འཆང་སྤྱོད་འབད་ཐོག་ ཚོང་སྒྱུར་འཐབ་པའི་སྐོར་ལས་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
དེ་ཚེ་ ནུབ་མོའི་ཆུ་ཚོད་༩ དང་ སྐར་མ་༣༠ དེ་ཅིག་ལུ་ ཆུ་བར་ཆུ་ འབྲུག་གློག་མེ་ལས་འཛིན་གྱི་ ཡིག་ཚང་ལྟག་ལུ་ ཉེས་ཅན་ཤཱཀྱ་སྟོབས་རྒྱས་ཀྱི་ཁྱིམ་ནང་ ཞིབ་དཔྱད་འབདཝ་ད་ སྨྱོ་རྫས་ནི་ཊོ་སིན་༡༨༢ དང་ ཨིས་པེས་མོ་པོ་སི་བཱན་༢,༦༣༢ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཁོ་གིས་ ཐིམ་ཕུ་ལུ་ སྨྱོ་རྫས་ལོག་སྤྱོད་འབད་མི་ཚུ་ལུ་ ནི་ཊོ་སིན་ཤོག་ལྟབ་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠༠ དང་ ཨིས་པེས་མོ་པོ་སི་བཱན་ཤོག་ལྟབ་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཤཱཀྱ་སྟོབས་རྒྱས་ཀྱིས་ སྨྱོ་རྫས་ཚུ་ སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༠ ལུ་ ཕུན་ཚོགས་གླིང་ ཛམ་བྷ་ལ་སྒྲིང་ཁྱིམ་ རིན་བདེ་སྐྱིད་ཚོང་ལས་ཁང་ནང་ བརྡ་དོན་འཕྲུལ་རིག་གི་ ལཱ་འབད་མི་ ཡོན་ཏན་ཕུན་ཚོགས་ལུ་ དངུལ་ཀྲམ་༧,༠༠༠ སྔོན་བྱིན་སྤྲོད་པའི་ཤུལ་ལུ་ དངུལ་ཀྲམ་༡༥,༠༠༠ གནས་པའི་ སྨྱོ་རྫས་ནི་ཊོ་སིན་ ཤོག་སྒྲོམ་༢ དང་ ཨིས་པེས་མོ་ པོག་སི་བཱོན་ ཤོག་སྒྲོམ་༢༥ ཉོ་བཅུག་ནུག།
ཨིན་རུང་ ཉེས་འཛུགས་ཅན་གྱིས་ ཤེས་བཞིན་མཐོང་བཞིན་དུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྨྱོ་རྫས་བཀག་འཛིན་སྡེ་ཕྲན་ལུ་ སྨྱོ་རྫས་དེ་ཚུ་ གོང་ཚད་དངུལ་ཀྲམ་༢༢,༠༠༠ སྦེ་ སྤྱི་ལོ་༢༠༡༡ ཟླ་༨ པའི་ཚེས་༡༢ ལུ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ སྨན་ཚོང་ཁང་ཅིག་ནང་ལས་ཉོ་སྟེ་ ཐིམ་ཕུ་ འགྲུལ་སྐྱེལ་བཱསི་ཅིག་གི་ ཀེ་བིན་ནང་ བཙུགས་ཏེ་འབག་འོང་ཡི་ཟེར་ ཤོབ་སླབ་ནུག་ཟེར་ཨིན་པས།
ཁོ་གིས་ ཟླཝ་༩ དང་ ཉིན་གྲངས་༡༡ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ སྡོད་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༢ དེ་ལས་ ཉིན་གྲངས་༡༩ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment