གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆ་གླིང་གཡུས་ཚན་གྱི་ ལོ་བསྟར་མཁར་ཕུལ་གསོལ་མཆོད་ མར་ཉམས་འགྱོ་དོ་ཡོདཔ།

མཁར་ཕུལ་སྐབས་ལུ་ བྲོ་པ་ཟེར་ གསོལ་མཆོད་ཀྱི་ཚིག་དང་འཁྲིལ་ཏེ་ ལེའུ་སྒྱུར་བའི་བསྒང་།
༉ སྐྱེས་ལོ་༣༦ ལང་མི་ ཕུར་པ་གིས་ ལོ་དག་པ་ཅིག་གི་ཧེ་མ་ལས་ མོང་སྒར་སྟག་ཆུ་གཡུས་ཚན་ནང་ གཉེན་རྐྱབ་སྟེ་ སོང་ཞིནམ་ལས་ ཆ་གླིང་ལུ་ ཁོ་རའི་ སྐྱེས་བའི་ཕམ་གྱི་སྒོ་ཁར་ སོ་ནམ་གྱི་ལཱ་ ཕྱམ་ཕྱིམ་རེ་འབད་ནི་ཡོད་རུང་ རྩ་ལས་ར་ ལྷོད་མ་ཚུགས་མི་དེ་ཡང་ ལམ་ཐག་རིང་ནི་དེ་གིས་ཨིནམ་ད་ ཨིན་རུང་ ལོ་བསྟར་བཞིན་དུ་ རང་ཟླ་༤ པའི་ཚེས་༨ ལུ་ བྱ་ཐབས་མེད་པར་ ཆ་གླིང་ལུ་ འགྱོ་དགོ་མི་དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ མཁར་ཕུལ་ཟེར་ བོན་ལྷ་ལུ་ གསོལ་མཆོད་ཕུལ་དགོ་ནི་དེ་གིས་ཨིན་པས།
བོན་པ་ ཨ་རྒས་ཀརྨ་གིས་ བོན་ལྷ་ལུ་ གསོལ་མཆོད་ཕུལ་བའི་བསྒང་།


མཁར་ཕུལ་དེ་ རང་ཟླ་༤ པའི་ཚེས་༨ ཀྱི་ཉིན་མར་ ཆ་གླིང་གཡུས་ཚན་གྱི་ ཉེ་འདབས་ལུ་ཡོད་མི་ ལྷ་བྲང་ཟེར་ ལྷའི་ཕོ་བྲང་ཡོད་སར་ འཛོམས་ཐོག་ལས་ གཡུས་སྒོ་གཞན་ཁར་བཟུམ་སྦེ་ མཆོད་བཤམ་སྒྲིག་མིའི་ནང་ ཨོམ་དང་ མར་ དར་ཚིལ་ དེ་ལས་ ཕྱེ་ཚུ་གིས་བཟོ་མི་ ཁ་ཟས་སྣ་ཚོགས་ཕུལ་ནི་མ་གཏོགས་ བོན་ལྷའི་གསོལ་མཆོད་ཀྱི་རིགས་ ཤ་དང་ སྒོང་རྡོག་ཚུ་ ཕུལ་མ་ཆོགཔ་ཨིན་པས།
ཉིནམ་དེ་ལུ་ རང་གི་ཁྱིམ་ནང་ བཞེས་སྒོ་བཟའ་མ་ཆོགཔ་མ་ཚད་ ལྷ་བྲང་ནང་ འཛོམས་པའི་སྐབས་ལུ་ཡང་ ཉ་སྐམ་ཚུ་ ཆུ་འཁྱུ་ཞིནམ་ལས་ ཚོགས་སྦེ་ ཕུལ་ནི་མ་གཏོགས་ མར་ཁུ་ནང་ བརྔོ་ནི་ཚུ་ རྩ་ལས་ར་ འབད་མ་ཆོགཔ་ཨིན་པས།
དེ་སྦེ་ ལྷ་ལུ་ཕུལ་དགོ་མི་དེ་ཡང་ གཡུས་ཚན་དེ་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ ཆར་ཆུ་དུས་ལུ་འབབ་སྟེ་ ནད་མུག་འཁྲུག་ཙོད་མེད་པར་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྔོན་དང་ཕུ་ལས་ གསོལ་མཆོད་ཕུལ་སྲོལ་ཡོད་པའི་ དུས་སྟོན་དེ་ ལོ་གཅིག་བ་ལོ་གཅིག་ མར་ཉམས་འགྱོ་སར་ མཐོང་མི་དེ་ཡང་ ཁ་ཉིནམ་ལས་འགོ་བཙུགས་མི་ མཁར་ཕུལ་དེ་ དུས་ཅི་ ཧེ་མ་བཟུམ་སྦེ་ བོན་ལྷ་ལུ་ གསོལ་མཆོད་ཕུལ་མི་མེདཔ་མ་ཚད་ ལྷ་བྲང་ཡང་ གཏན་འཁེལ་ཅིག་ མེད་པ་ལུ་བརྟེན་ཨིན་པས།
མཁར་ཕུལ་ཟེར་མི་ བོན་པའི་ལྷ་གསོལ་དེ་ ཉིནམ་༣ གྱི་རིང་ འགོ་འདྲེན་འཐབ་སྲོལ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ བོན་དཀར་གྱི་ལྷ་གསོལ་མི་དེ་ མིང་གཏམ་ཅན་ཅིག་ཨིན་རུང་ ད་རེས་ནངས་པ་ ཉམས་ནིའི་ཉེན་ཁ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
བོན་པ་གི་ འགན་ཁུར་འབག་མི་ ཨ་རྒས་ཀརྨ་གིས་ སླབ་མིའི་ནང་ མཁར་ཕུལ་དེ་ སྔོན་དང་ཕུ་ འཛམ་གླིང་ནང་ གཡུས་སྒོའི་མི་སེར་ཚུ་ལུ་ འགྲོ་བ་མི་ཚུ་སྐྱེས་བའི་ཤུལ་ལས་ བཟའ་བའི་ཟས་ཡོད་རུང་བཅུད་མེད་ གྱོན་ནིའི་གོ་ལ་ཡོད་རུང་དྲོད་མེད་པར་ སྟེང་ལྷ་ཡུལ་ལས་ ལྷ་ཞུ་དགོཔ་བྱུང་མི་ལུ་བརྟེན་ ལྷ་བརྒྱ་བྱིན་གྱི་སྲས་༤ ལས་ ཆུང་ཤོས་སྲས་ཞལ་གྱི་བཞེས་ཟེར་མི་དེ་ མི་ཡུལ་ལུ་ གདན་འདྲེན་ཞུ་ཐོག་ ཕྱག་མཆོད་ཕུལ་བའི་ཚུལ་ཨིན་ཟེར་ཨིན་པས།
དེ་བསྒང་ བོན་པོ་གིས་ཁྱིད་དེ་ གཡུས་སྒོའི་མི་སེར་ཚུ་གིས་ གོ་ལ་ཟབ་སྤྲོས་རྡིག་སྟེ་ ཚིག་དང་ལེའུ་བཅསཔ་སྦེ་ བོན་པོ་གིས་ ལྷ་ཞུ་སྟེ་ བྲོ་དཔོན་དང་ གཞན་མི་ཚུ་གིས་ཡང་ ཚོགས་དང་ མཆོད་པ་ཕུལ་ནི་ ཚེའི་དངོས་གྲུབ་ཞུ་ནི་ དེ་ལས་ ཕྱི་རུ་ཁམས་ལས་ ལྷའི་བྱིན་ཞུ་ཟེར་ ལྷ་ལས་བྱིན་རླབས་ཞུ་ནིའི་དོན་ལུ་ བྲོ་དཔོན་དང་ བྲོ་གཡོག་༢ ཀྱིས་ཁྱིད་དེ་ ཉིན་ནུབ་མེད་པར་ ཁྱིམ་གུང་རེ་རེ་བཞིན་དུ་ གཡུས་བཤལ་རྐྱབ་སྟེ་ འགྱོ་སྲོལ་ཡོད་མི་དེ་ དུས་ཅི་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ འགོ་འདྲེན་འཐབ་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ སེམས་མ་དགའཝ་ཨིན་པས།
ཆ་གླིང་གཡུས་ཚན་ལས་ རྒན་ཤོས་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མཁར་ཕུལ་གྱི་སྐབས་ལུ་ མི་སེར་ཚུ་གིས་ ཟབ་སྤྲོས་རྡིག་སྟེ་ གཅིག་ཁར་འཛོམས་མི་དེ་ཡང་ གསོལ་མཆོད་ཕུལ་ནི་ལུ་ དད་པ་སྦོམ་ཡོད་ནི་དེ་གིས་ཨིནམ་ལས་ གཡུས་ཚན་ནང་ཡང་ ནད་ཡམས་མུ་གེ་ཚུ་མེད་པར་ དགའ་ཏོག་ཏོ་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མཁར་ཕུལ་གྱི་སྐབས་ལུ་ བྲོ་པ་ཟེར་ གསོལ་མཆོད་ཀྱི་ཚིག་དང་འཁྲིལ་ཏེ་ ལེའུ་བསྒྱུར་མི་ཚུ་གིས་ གོ་ལ་ཟབ་སྤྲོས་རྡིག་པའི་ཁར་ བཀབ་ནི་བཀབ་དོ་ཡོདཔ་ཨིན་རུང་ དུས་ཅི་ལས་ ཐ་ན་ ལེའུ་བསྒྱུར་མི་ཡང་ དཀོན་སུ་ཅིག་ལས་ མེདཔ་ཨིན་པས།
ད་རེས་ནངས་པ་ བོན་པོའི་འགན་ཁུར་འབག་མི་ ཨ་རྒས་ཀརྨ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལམ་སྲོལ་དེ་ མ་ཉམས་པར་བཞག་དགོ་པ་ཅིན་ ལམ་སྲོལ་སྐོར་ལས་ ཤེས་མི་ཚུ་གིས་ར་ སྤྲོ་བ་ལེན་དགོཔ་ཨིན་ཟེར་ཨིནམ་ད་ ཁོ་ར་ ལོ་ན་རྒས་ནི་དེ་གིས་ བོན་པོའི་ལཱ་འགན་དེ་ གཡུས་མི་ཅིག་ལུ་ སྤྲོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༦༠ རེ་གྲངས་ནང་འབད་མི་ ནག་ཀུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ སྔར་འཁྱུན་དེ་ མ་ཉམས་པར་བཞག་ཐབས་ལུ་ གཡུས་མི་ཚུ་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།
ཆ་གླིང་རྒཔོ་ རྟ་མགྲིན་ཚེ་དབང་གིས་ སླབ་མིའི་ནང་ མཁར་ཕུལ་དེ་ སྔོན་གོང་ལས་ཡོད་པའི་ གཡུས་སྒོའི་ ལམ་སྲོལ་ཅིག་ཨིནམ་ལས་ རྩ་བོ་དང་ བོན་པ་ཚུ་གིས་ ཚ་གྱང་འབག་སྟེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པས།
མཁར་ཕུལ་སྐབས་ལུ་ གཡུས་སྒོའི་མི་ཚུ་གིས་ ཚོགས་རི་བཟུམ་སྤུངས་ཏེ་ ཡུལ་ལྷ་ལུ་ ཕུལ་སྲོལ་ཡོད་ནི་དེ་གིས་ མཁར་ཕུལ་ཟེར་སླབ་དོ་ཡོདཔ་ད་ མོང་སྒར་རྫོང་ཁག་ནང་འབད་བ་ཅིན་ རྩ་མང་དང་ སྒས་ལ་སྤོངས་ དེ་ལས་ བཱན་ཇར་དང་ ཁེངས་ཀྱི་ གཡུས་ཚན་ཚུ་ནང་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས།
ཆ་གླིང་གཡུས་ཚན་ནང་ སྤྱི་ཟླ་༥ པའི་ཚེས་༢༧ ལས་ འགོ་བཙུགས་མི་ མཁར་ཕུལ་དེ་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ མཇུག་བསྡུ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment