གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་འོང་མི་ ལྟ་བཤལཔ་༣ རྒྱལ་ཁབ་ནང་ལས་ ལོག་བཏང་ཡོདཔ།


སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ལྟ་བཤལཔ་མི་༣ གྱིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་ རྒྱལ་ཁབ་ནང་ འོང་མིའི་གནད་དོན་སྐོར་ལས་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ དོགས་སེལ་གྱི་ལོ་རྒྱུས་ག་ཅི་ཡང་ སླབ་མི་བཏུབ་དོ་ཡོད་མི་དེ་གིས་ ཁྲིམས་ལུགས་ནང་ སྐྱོན་ལེ་ཤ་ཡོད་པའི་མངོན་གསལ་འབདཝ་ཨིན་པས།



མི་ཚུ་གིས་ ནང་སྐྱོད་ཆོག་ཐམ་ ཡོངས་འབྲེལ་ཐོག་ལས་ ཐོབ་ཚུགས་པའི་ལམ་ལུགས་དེ་ལུ་ ཉེན་སྲུང་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ དྲི་བཀོད་འབད་དོ་ཡོད་མི་དེ་ཡང་ ད་རེས་བཟུམ་གྱི་ གློག་རིག་པི་ཌི་ཨེཕི་ཐོག་ལས་ ནང་སྐྱོད་ཆོག་ཐམ་གྱི་ འབྲི་ཤོག་ཚུ་ འཇམ་ཏོང་ཏོ་སྦེ་ ལོག་སྤྱོད་འབད་ཚུགས་ནི་དེ་གིས་ཨིན་པས།
དེ་བཟུམ་གྱི་ ནང་སྐྱོད་ཆོག་ཐམ་རྫུས་མ་བཟོ་མི་དེ་ ལག་ལེན་འཐབ་ཐོག་ལས་ གནམ་གྲུའི་ནང་ འགྲུལ་བསྐྱོད་ག་དེ་སྦེ་ འབད་ཡོདཔ་ཨིན་ན་དང་ གནད་དོན་དེ་ཚུ་ ནེ་པཱལ་གྱི་རྒྱལ་སྤྱི་ གནམ་ཐང་ནང་ལས་ངོས་འཛིན་འབད་མ་ཚུགས་པའི་སྐོར་ལས་ དྭངས་གསལ་ཅིག་མེདཔ་ཨིན་པས།
ཕྱི་མི་ནང་སྐྱོད་ལས་ཁུངས་ གཙོ་འཛིན་གྱིས་ གནད་དོན་དེ་གི་སྐོར་ལས་ གནས་ཚུལ་བསྡུ་ལེན་པ་ཚུ་དང་གཅིག་ཁར་ ལོ་རྒྱུས་སླབ་ནིའི་ དུས་ཚོད་མེད་ཟེར་སླབ་པའི་ཁར་ འབྲུག་ལྟ་བཤལ་ཚོགས་སྡེའི་མགྲིན་ཚབ་ དམ་ཆོས་རིག་འཛིན་གྱིས་འབད་བ་ཅིན་ ཡོངས་འབྲེལ་ཐོག་གྱི་ ནང་སྐྱོད་ཆོག་ཐམ་ལམ་ལུགས་དེ་ བློ་གཏད་ཅན་དང་ དྭངས་གསལ་ཅན་ དེ་ལས་ ཕན་ཁྱད་ཅན་སྦེ་ཡོད་ཟེར་ཨིན་པས།
གལ་སྲིད་ ནང་སྐྱོད་ཆོག་ཐམ་གྱི་དོན་ལུ་ མ་དངུལ་ཚངམ་སྦེ་ མ་བཙུགས་པ་ཅིན་ ཆོག་ཐམ་བཟོ་མི་ཚུགས་ནི་ཨིནམ་ལས་ ཚུལ་མིན་གྱི་ལཱ་བྱ་ཐབས་ཚུགས་པའི་ ལམ་ཕྱོགས་ཅིག་མེད་ཟེར་ ཁོ་གིས་ སླབ་ཨིན་པས།
ནང་སྐྱོད་ཆོག་ཐམ་ ཡོངས་འབྲེལ་ཐོག་ལས་ ཐོབ་ཚུགས་པའི་ལམ་ལུགས་དེ་ འཛིན་སྐྱོང་གི་ ལཱ་མར་ཕབ་རྐྱབ་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ སྤྱི་ལོ་༢༠༠༩ ཟླ་༩ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལྟ་བཤལ་འོང་ནིའི་ དུས་ཚོད་ངོ་མ་གི་སྐབས་ལུ་ མི་རེ་གིས་ ཉིན་བསྟར་གྱི་ཁྲལ་ ཡུ་ཨེསི་ཌོ་ལར་༢༥༠ རེ་དང་ གཞན་མི་ སྤྱིར་བཏང་དུས་ཚོད་ཚུ་ནང་ ཞག་རེ་ལུ་ ཡུ་ཨེསི་ཌོ་ལར་༢༠༠ རེ་འབད་མི་དེ་ དངུལ་ཁང་བརྒྱུད་དེ་ འབྲུག་ལྟ་བཤལ་ཚོགས་སྡེའི་ རྩིས་ཁྲ་ནང་ བཙུགས་དགོཔ་ཨིན་པས།
ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ལས་ ལོག་འགྱོ་བའི་སྐབས་ ནང་སྐྱོད་ཆོག་ཐམ་གྱི་དོན་ལུ་ ལེན་མི་དངུལ་ཡོངས་བསྡོམས་ལས་ ལྟ་བཤལ་པའི་དུས་ཚོད་ངོ་མའི་སྐབས་ ཡུ་ཨེསི་ཌོ་ལར་༦༥ དང་ གཞན་མི་དུས་ཚོད་ཚུ་ནང་ ཡུ་ཨེསི་ཌོ་ལར་༥༥ རེ་ སྤྱོད་འཐུས་སྦེ་ བཏོག་བཞག་ཞིནམ་ལས་ བརྒྱ་ཆ་༢ གཞན་མི་ཁྲལ་སྦེ་ བཞག་སྟེ་ ལྷག་ལུས་ཚུ་ ལྟ་བཤལ་ལས་སྡེའི་ རྩིས་ཁྲ་ནང་ བཙུགས་བཞགཔ་ཨིན་པས།
ད་རེས་ བྱ་སྟབས་མ་བདེཝ་ཐོན་མི་ བུ་ཊཱན་ཝི་ལེཇི་གིས་ ལྟ་བཤལཔ་༣ གྱི་ ནང་སྐྱོད་ཆོག་ཐམ་གྱི་དོན་ལུ་ ཞུ་བ་འབད་ཡོདཔ་ཨིན་རུང་ ལས་སྡེ་གིས་ ཉིན་བསྟར་གྱི་ཁྲལ་ ཨུ་ཨེསི་ཌོ་ལར་༢༥༠ རེ་འབད་མི་དེ་ ཚངམ་སྦེ་ བཙུགས་མ་ཚུགས་མི་ལུ་བརྟེན་ ངོས་ལེན་མ་འབདཝ་ཨིན་རུང་ ལྟ་བཤལ་ལས་སྡེ་གིས་ ནང་སྐྱོད་ཆོག་ཐམ་གྱི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཡིག་ཆ་བཙུགས་ཏེ་ ཉིནམ་༣ གྱི་རྒྱབ་ལས་ ལྟ་བཤལཔ་༣ གྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་ཡོདཔ་ཨིན་པས།
དམ་ཆོས་རིག་འཛིན་གྱིས་འབད་བ་ཅིན་ ལྟ་བཤལ་ལས་སྡེ་གིས་ མགྱོནམ་ཚུ་གི་ ནང་སྐྱོད་ཆོག་ཐམ་བཟོ་ནི་ལུ་ འབད་བརྩོན་བསྐྱེད་རུང་ ཁྲིམས་མཐུན་གྱི་ བྱ་སྒོའི་ལམ་ལུགས་ཚུ་ ཚང་མ་ཚུགས་མི་ལུ་བརྟེན་ བཤོལ་འགྱངས་སྦེ་ ལུས་སོ་ཡི་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ མགྲིན་ཚབ་ དཀོན་མཆོག་དབང་འདུས་ཀྱིས་འབད་བ་ཅིན་ ཁོང་གིས་ གནམ་གྲུའི་ ཤོག་འཛིན་ཚུ་བྱིནམ་ད་ ལྟ་བཤལཔ་དེ་གི་ ལམ་ཡིག་དང་མཉམ་སྦྲགས་ཡོད་པའི་ ནང་སྐྱོད་ཆོག་ཐམ་འདྲ་ལུ་ གཞི་བཞག་སྟེ་ བྱིན་ནི་མ་གཏོགས་ དེ་ཚུ་ ངོ་མ་ཨིན་མེན་ བལྟ་ཞིབ་འབད་ནི་མེད་ཟེར་ཨིན་པས།
དྲིས་བ་དྲི་ལན་གྱི་སྐབས་ བུ་ཊཱན་ཝི་ལེཇི་ ལྟ་བཤལ་ལས་སྡེའི་ མགྲིན་ཚབ་ཅིག་གིས་ ཁོང་གི་ ལམ་སྟོན་པ་ཅིག་ ནེ་པཱལ་ལུ་ཡོད་པའི་ ལྟ་བཤལ་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་ སྐྱེལ་བར་སོང་སྟེ་  འཕུར་འགྲུལ་ལུ་ བསྒུག་སྡོད་པའི་སྐབས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ མགྱོནམ་༣ ལྷོད་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ ཁོ་གིས་ ཁྱིད་འོང་འོངམ་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
སྤྱིར་བཏང་ མགྱོནམ་ཚུ་སྐྱེལ་བར་འགྱོཝ་ད་ གནམ་ཐང་ནང་ དུས་ཚོད་ མཐོ་ཤོས་སྐར་མ་༣༠ གི་རིང་ལུ་བསྒུག་དགོཔ་ཨིན་རུང་ དེ་ཚེ་ ལམ་སྟོན་པ་དེ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ ཐོགས་ལུས་དགོ་པའི་གནད་དོན་ག་ཅི་ཨིན་ན་ བརྡ་དོན་ ཁ་གསལ་མིན་འདུག་ཟེར་ཨིན་པས།
བུ་ཊཱན་ཝི་ལེཇི་གི་ མགྲིན་ཚབ་དེ་གིས་འབད་བ་ཅིན་ ལྟ་བཤལ་ལས་སྡེ་ལུ་ ཉེས་པ་ག་ནི་ཡང་ མེདཔ་སྦེ་སླབ་ཨིན་རུང་ ད་ལྟོ་ ཕྱི་མི་ནང་སྐྱོད་ལས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་མ་ཚར་ཚུན་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
ལྟ་བཤལཔ་༣ གྱིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་ཐོག་ལས་ རྒྱལ་ཁབ་ནང་འོང་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་དང་ འབྲུག་ལྟ་བཤལ་ཚོགས་སྡེ་ཚུ་ལུ་ གྲོས་བསྟུན་མ་འབད་བར་ ལྟ་བཤལཔ་༣ ནངས་པ་ར་ ལོག་བཏང་ནུག་ཟེར་ཨིན་པས།
ཕྱི་མི་ནང་སྐྱོད་བཅའ་ཁྲིམས་དང་འཁྲིལཝ་ད་ གལ་སྲིད་ མི་ངོ་གང་རུང་ཅིག་གིས་ གཞན་གྱི་དབང་ཆ་ལག་ལེན་འཐབ་སྟེ་ ཕྱི་མི་ནང་སྐྱོད་ཀྱི་ཡིག་ཆ་ཚུ་ སྤྲོད་པ་ཅིན་ དབྱེ་རིམ་༣ པའི་ཉེས་ཆེན་གྱི་ ཁྲིམས་ཕོག་དགོཔ་སྦེ་ཡོདཔ་ཨིན་པས།
ཚུལ་མིན་གྱི་ལཱ་བྱ་འཐབ་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་རུང་ ཡིག་ཆ་རྫུས་མ་བཟོ་བའི་གནད་དོན་དེ་ སྡེ་རིམ་༤ པའི་ཉེས་ཆེན་གྱི་གྲངས་སུ་ ཚུདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment