༉ ལྟ་བཤལ་ལས་སྡེ་ཅིག་གིས་ ནང་སྐྱོད་ཆོག་ཐམ་རྫུས་མ་བཟོ་མི་ལུ་བརྟེན་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལས་སྡེ་དེ་གི་ཆོག་ཐམ་ལག་ལེན་ བཀག་ཆ་འབད་བཞག་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱ་ནག་ལས་ ཨམ་སྲུ་༢ དང་ སུ་ཡི་ཛར་ལེནཌི་ལས་ ཕོ་སྐྱེས་༡ གིས་ རྒྱལ་ཁབ་ནང་ ཉིན་གྲངས་༣ གྱི་དོན་ལུ་ ལྟ་བཤལ་ནང་ འོང་མི་དང་འཁྲིལ་ཨིན་པས།
སྤ་རོའི་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ལྟ་བཤལཔ་༣ གྱི་ ནང་སྐྱོད་ཆོག་ཐམ་ཚུ་ རྫུས་མ་བཟོ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལུ་ ལམ་ཡིག་ཆོག་ཐམ་ཡང་ ཆ་མེད་བཏང་ཡོདཔ་ད་ དེ་གི་ནངས་པར་ ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ལས་ ལོག་བཏང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ བུ་ཊཱན་ཝི་ལེཇི་ལྟ་བཤལ་ལས་སྡེ་བརྒྱུད་དེ་ འོང་ཡོདཔ་ཨིན་པས།
ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ཁ་ཐུག་ལས་ ལོ་རྒྱུས་ཚུ་ ཁ་གསལ་སླབ་མ་བཏུབ་ལས་ ནང་སྐྱོད་ཆོག་ཐམ་ཚུ་ ག་དེ་སྦེ་ རྫུས་མ་བཟོ་ཡོདཔ་ཨིན་ནའི་སྐོར་ལས་ ད་ལྟོ་ གསལ་ཏོག་ཏོ་སྦེ་ མ་ཤེས་ཏེ་འབད་རུང་ ལྟ་བཤལ་ལས་སྡེའི་ ཇོ་བདག་གིས་འབད་བ་ཅིན་ ནེ་པཱལ་གྱི་ ལྟ་བཤལ་ལས་སྡེ་༢ ཀྱིས་ ནང་སྐྱོད་ཆོག་ཐམ་བཟོ་ཡོད་པའི་སྐོར་ལས་ བཤད་ཡོདཔ་མ་ཚད་ ལྟ་བཤལཔ་༣ པོ་དེ་ ཁོང་གི་ མགྱོནམ་མེན་ཟེར་ཨིན་པས།
བུ་ཊཱན་ཝི་ལེཇི་ལྟ་བཤལ་ལས་སྡེ་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ ལམ་སྟོན་པ་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ མགྱོནམ་འོང་མི་ཚུ་ གནམ་གྲུ་ཐང་ནང་ ལེན་པར་འགྱོ་བའི་སྐབས་ ཁོ་ར་ ཕྱི་ཁར་སྒུག་སྡོདཔ་ད་ གནམ་གྲུ་ཐང་གི་ ཕྱི་མི་ནང་སྐྱོད་འགོ་དཔོན་ཅིག་གིས་ མགྱོནམ་༣ ལྷོད་ཡོད་པའི་སྐོར་ལས་ ཁོ་ལུ་ སླབ་པའི་ཤུལ་ལུ་ ཁོ་གིས་ གནད་དོན་དེ་ ཡིག་ཚང་ནང་ སླབ་དེས་ཟེར་ཨིན་པས།
ཕྱི་མི་ནང་སྐྱོད་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ ག་དེམ་ཅིག་སྦེ་ ནང་སྐྱོད་ཆོག་ཐམ་ནང་བཀོད་མི་ ཡི་གུ་ཚུ་ མ་མཐུནམ་འདྲཝ་ཅིག་འབད་བ་ཅིན་ གནམ་ཐང་ནང་ལས་ར་ འོང་མི་ཆོག་ཟེར་ཨིན་པས།
ཨིན་རུང་ ལྟ་བཤལ་ལས་སྡེ་དེ་གིས་ ཕྱི་མི་ནང་སྐྱོད་བཅའ་ཁྲིམས་ལས་ འགལ་མི་ལུ་བརྟེན་ ཉེས་བྱ་དངུལ་ཀྲམ་༣༠,༠༠༠ བཀལ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེའི་ གནས་ཚུལ་བཤད་མི་གིས་འབད་བ་ཅིན་ ཕྱི་རྒྱལ་གྱི་ ལྟ་བཤལཔ་ཚུ་ ཁོང་གི་ ལས་སྡེའི་མིང་ཐོག་ཁར་ འོང་མི་ལུ་བརྟེན་ ཞག་༡ བདག་འཛིན་མ་འཐབ་པར་ ཐབས་མེད་བྱུང་ཡི་ཟེར་ཨིནམ་ད་ ནང་སྐྱོད་ཆོག་ཐམ་རྫུས་མ་དེ་ བུ་ཊཱན་བི་ལེཇི་ལྟ་བཤལ་ལས་སྡེ་གིས་ བཟོ་བཟོཝ་མེད་ཟེར་ཨིན་པས།
ནང་སྐྱོད་ཆོག་ཐམ་ རྫུས་མ་བཟོ་བཟོཝ་མེད་པའི་སྐོར་ལས་ བདེན་རྟགས་དང་ སྒྲུབ་བྱེད་ཡི་གུ་ཚུ་ག་ར་ ཕྱི་མི་ནང་སྐྱོད་ལས་ཁུངས་དང་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ སྤྲོད་ཡི་ཟེར་ཨིན་པས།
ནང་སྐྱོད་ཆོག་ཐམ་ཚུ་ གློག་རིག་ཡོངས་འབྲེལ་ཐོག་ལས་ བཟོ་དོ་ཡོདཔ་ད་ དེ་གི་གླ་འཐུས་ཚུ་ཡང་ འབྲུག་ལྟ་བཤལ་ཚོགས་སྡེའི་ རྩིས་ཁྲ་ནང་ འཛུལ་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment