ཟླ་༣ པའི་ཚེས་༢༩།
༡༩/༥/༢༠༡༢
ཞི་གཡོགཔ་ཚུ་གི་ སྣུམ་འཁོར་ཐོབ་སྐལ་ལམ་ལུགས་ གལ་སྲིད་ ཆ་མེད་གཏང་པ་ཅིན་ ལས་འཛིན་ཚུ་དང་ཕྱདཔ་ད་ ཐོབ་ལམ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
༉ ད་རེས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་བྱུང་མི་དེ་ བསལ་ཞིནམ་ལས་ ཧེ་མ་བཟུམ་སྦེ་ ཚད་འཛིན་མེད་པར་ ལོག་ ནམ་ལས་འཐོབ་ནི་ཨིན་ནའི་སྐོར་ལས་ གཞུང་གིས་ ཁ་གསལ་སྦེ་ སླབ་ནི་མེད་རུང་ ད་རེས་ནངས་པ་ རུ་པི་ཚད་འཛིན་འབད་མི་དེ་ གནས་སྐབས་ཀྱི་ ལམ་ལུགས་བཟུམ་ཅིག་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ དྲི་བཀོད་ལས་རིམ་ནང་ གསུངས་མི་དང་འཁྲིལཝ་ད་ དངུལ་འབྲེལ་གྱི་ལམ་ལུགས་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཤོག་དངུལ་གྱི་རིགས་ཚུ་ ཚད་འཛིན་འབད་ནི་དང་ ཁྲལ་བསྡུ་ལེན་འབད་དེ་ རྒྱལ་ཁབ་ཀྱི་འོང་འབབ་བཟོ་ནི་༢ ཡོད་མི་ལས་ ད་རེས་ རུ་པི་མ་ལང་པའི་དཀའ་ངལ་ཐོན་མི་ལུ་ གདོང་ལེན་འབད་ནིའི་དོན་ལས་ གནས་སྐབས་ཀྱི་ཐབས་ཤེས་ དབང་འཛིན་གྱིས་ དངུལ་ཁང་ཚུ་གིས་ རུ་པི་ཚད་ཅིག་ལས་བརྒལ་ བྱིན་མ་ཆོག་པའི་ལམ་ལུགས་བཟོ་མི་དེ་གིས་ དཀའ་ངལ་ལེགས་ཤོམ་སྦེ་ བསལ་མི་ཚུགས་པས་ཟེར་ཨིན་པས།
དངུལ་ཁང་ཚུ་གིས་ ཟླཝ་གཅིག་ལུ་ མི་རེ་གིས་ རུ་པི་ཁྲི་༡ ལས་བརྒལ་ བཏོན་མ་ཆོག་པའི་ ལམ་ལུགས་བཟོ་ཡོདཔ་མ་ཚད་ སྒེར་སྡེ་དང་ ཁག་འབགཔ་ཚུ་གིས་ བཟོ་སྐྲུན་ཅ་ཆས་དང་ ཕྱིའི་ལས་མི་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་སྤྲོད་ནིའི་དོན་ལུ་ རུ་པི་ཚད་ཅིག་ལས་བརྒལ་ བྱིན་ནི་མེད་པའི་ ལམ་ལུགས་བཟོ་ཡོདཔ་ཨིན་པས།
ལམ་ལུགས་གཉིས་པ་ གཞུང་གི་འོང་འབབ་བཟོ་ནིའི་དོན་ལུ་ ཅ་ཆས་ནང་འདྲེན་འབད་མིའི་ ཁྲལ་ཡར་སེང་འབད་ནི་ཚུ་ལས་ སྣུམ་འཁོར་གྱི་ཁྲལ་ ཡར་སེང་འབད་དེ་ སྣུམ་འཁོར་ཉོ་ནི་ལས་ བཀག་ཆ་འབད་ནི་དེ་ གཞུང་གིས་ ཐད་ཀར་དུ་འབད་ནིའི་ དབང་ཚད་མེདཔ་ལས་ སྤྱི་ཚོགས་ཀྱིས་ གྲོས་ཐག་གཅད་དགོཔ་ཨིནམ་ད་ གནད་དོན་དེའི་སྐོར་ལས་ ཤུལ་མའི་ ཚོགས་ཐེངས་ནང་ བཙུག་ནི་ཨིན་པས།
སྣུམ་འཁོར་ནང་འདྲེན་གྱི་ཁྲལ་ ཡར་སེང་འབད་ནིའི་ཐབས་ཤེས་བཏོན་མི་དེ་ རྒྱ་གར་ལས་ཉོ་བའི་སྐབས་ རུ་པི་ཕྱི་ཁར་གཏང་དགོ་པའི་ཁར་ མར་ཁུ་ཡང་ ཁོང་ལས་ཉོ་དགོཔ་ད་ མ་དངུལ་ཕྱི་ཁར་འགྱོ་དོ་ཡོདཔ་ལས་ དེ་གིས་ ཧེང་སྐལ་ར་ རུ་པི་མ་ལང་པའི་དཀའ་ངལ་འཐོན་ནི་ཨིན་པས།
ད་རེས་ གཞུང་གི་འགོ་དཔོན་ལ་ལུ་ཅིག་གིས་ སླབ་མིའི་ནང་ རྒྱ་གར་གྱི་སྣུམ་འཁོར་ ནང་འདྲེན་འབད་མིའི་ཁྲལ་ གོང་ཚད་གུ་ བརྒྱ་ཆ་༤༠ བཀལ་ནི་ཟེར་ སླབ་མི་ཡང་ཐོནམ་ལས་ དེའི་སྐོར་ལས་ དངུལ་རྩིས་བློན་པོ་ལུ་ དོགས་སེལ་བཟུམ་ཅིག་སྦེ་ ཞུ་མིའི་ལན་ལུ་ བརྒྱ་ཆ་ག་དེམ་ཅིག་ ཡར་སེང་འབད་ནི་ཨིན་ན་ སྤྱི་ཚོགས་ལུ་ རག་ལས་ནི་ཨིནམ་ལས་ ད་ལྟོ་ ག་ནི་ཡང་ ཞུ་མི་ཤེས་ཟེར་ཨིན་རུང་ ཁྲལ་ཡར་སེང་འབད་ནི་དེ་ ངེས་ཏིག་ཨིན་ཟེར་ཨིན་པས།
ཁྲལ་ཡར་སེང་གི་ཐབས་ཤེས་དེ་ འཕྲལ་ཁམས་ཅིག་ཁར་ རུ་པི་མ་ལང་པའི་དཀའ་ངལ་ ཧ་གོ་ནིའི་དོན་ལུ་ གཞུང་གིས་ ཚོགས་ཆུང་ཅིག་བཟོ་མི་དེ་གིས་ གྲོས་འབུལ་ཕུལ་མི་ཚུ་གི་གྲས་ལས་ གཅིག་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ རུ་པི་བྱིན་ནི་ལས་ བཀག་ཆ་འབད་མི་དེ་གིས་ དཀའ་ངལ་ངོ་མ་ར་ ཚོད་བསྲེ་ནང་འདྲེན་འབད་མི་ཚུ་ལུ་ཐོན་རུང་ དེ་ཚུ་གདོང་ལེན་འབད་ནིའི་དོན་ལུ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ལུ་ ཤུགས་བཏོན་བཅུག་ནི་དང་ ལེགས་བཅོས་འབད་མི་ སོན་རིགས་བཀྲམ་སྤེལ་འབད་དེ་ ནང་འདྲེན་ག་དེ་ཉུང་ཉུང་ འབད་ནིའི་ཐབས་ལམ་ཨིན་པའི་ཁར་ ཟད་འགྲོ་བཏང་མི་ཚུ་ཡང་ མར་ཕབ་རྐྱབ་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིན་པས།
ཚོགས་ཆུང་གི་གྲོས་འབུལ་ཅིག་ ཞི་གཡོགཔ་ཚུ་གི་ སྣུམ་འཁོར་གྱི་ཐོབ་སྐལ་ལམ་ལུགས་ ཆ་མེད་གཏང་དགོ་ཟེར་མི་དེ་ ནམ་ལས་ལག་ལེན་འཐབ་ནི་སྨོ་ཟེར་ ཞུ་བའི་ལན་ལུ་ བློན་པོ་གིས་ ལས་འཛིན་དང་ ལས་སྡེ་ཚུ་ནང་ ལཱ་འབད་མི་དང་ཕྱདཔ་ད་ ཞི་གཡོགཔ་ཚུ་ལུ་ ཁེ་ཕན་ངོ་མ་ར་ སྣུམ་འཁོར་གྱི་ཐོབ་སྐལ་དེ་ཨིནམ་ལས་ དེ་ཚུ་ཆ་མེད་གཏང་པ་ཅིན་ ཁོང་ལུ་ ཐོབ་ལམ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རུ་པི་མ་ངལ་པའི་དཀའ་ངལ་དེ་ འབྲུག་མི་ཚུ་གིས་ ཕྱིའི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་དེ་ མང་ནི་དེ་གིས་ཨིནམ་ལས་ དེ་ཚུ་ རྒྱལ་ཁབ་ཡར་རྒྱས་འགྱོཝ་དང་བསྟུན་ བྱུངམ་ཨིན་ཟེར་ཨིནམ་ད་ དེ་ཡང་ སྒེར་སྡེ་གི་ ཁག་འབགཔ་ཚུ་གིས་ སྒྲིང་ཁྱིམ་དང་ བཟོ་སྐྲུན་གྱི་ ཅ་ཆས་ཚུ་ཉོ་ནིའི་དོན་ལུ་ རུ་པི་བཏོན་འབག་བའི་ཁར་ མི་རེ་གཉིས་ཀྱི་ དབང་དུ་བཏང་རུང་ ཧེ་མ་དང་ཕྱདཔ་ད་ ཟད་འགྲོ་ལོག་ལྟབ་ཀྱིས་ མངམ་གཏང་དགོ་པས་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment