གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་སྤྱིའི་ལོ་སྟོང་དམིགས་ཡུལ་དང་ དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་གྲུབ་ཐབས།

༉ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུདཔ་གི་ དྲི་བཀོད་ཞལ་འཛོམས་ལས་རིམ་ཐེངས་༢༡ པའི་ནང་ རྒྱལ་སྤྱིའི་ལོ་སྟོང་དམིགས་ཡུལ་དང་ དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དང་འབྲེལ་བའི་དོན་ཚན་ཚུ་ ཀ་ཆེན་༤ དང་ དོན་ཚན་༩ རང་འཇགས་ཐོག་ གྱུར་བ་མེདཔ་སྦེ་ གནས་ཚུགས་ཟེར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གསུངས་ཡི།

བློན་ཆེན་མཆོག་གིས་གསུངས་མིའི་ནང་ འབྲུག་གཞུང་གི་ ལོ་བསྟར་རྒྱལ་ཁབ་ཀྱི་གནས་སྟངས་སྙན་ཞུ་དེ་ཡང་ འཕྲོ་མཐུད་དེ་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ ལུ་གཞིར་བཞག་ཐོག་ལུ་འབད་ནི་ཨིན་ཟེར་ཨིན་པས།
ནིའུ་ཡོག་ལུ་ འབྲུག་གི་བློན་ཆེན་གྱིས་གཙོས་པའི་ འགོ་དཔོན་སྡེ་ཚན་གྱིས་ རྒྱལ་སྤྱིའི་མཁས་དབང་དང་ ཆེ་མཐོའི་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་བའི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ ལྷན་ཐབས་ཅིག་ དཔལ་འབྱོར་གོང་འཕེལ་གྱི་ལྟ་བ་གསརཔ་གི་ གྲོས་གཞི་ཕུལ་ཡི་ཟེར་གསུངས་ཡི།
གྲོས་གཞི་དེ་ཡང་ ད་ཚུན་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་འགོ་ཁྲིདཔ་ དེ་ལས་ མཁས་དབང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཞིབ་འཚོལ་མཐིལ་ཕྱིན་འབད་ཡོད་པའི་ གྲུབ་འབྲས་ལུ་ གཞིར་བཞག་ཐོག་ དཔལ་འབྱོར་གོང་འཕེལ་གྱི་ལྟ་བ་དེ་ དོན་ཚན་༤ གི་ཐོག་ལུ་ གྲོས་གཞི་ཕུལ་ཡོདཔ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་དེ་གིས་ དོན་ཚན་༤ པོ་དེ་ ལྷན་ཚོགས་ཅིག་བསྐོ་བཞག་འབད་ཐོག་ལས་ གོང་འཕེལ་བཏང་དགོཔ་སྦེ་ཨིནམ་བཞིན་དུ་ ལྷན་ཚོགས་དེ་ཡང་ བློན་ཆེན་གྱིས་ བསྐོ་བཞག་འབད་དགོཔ་སྦེ་ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་དྲུང་ཆེན་གྱིས་ བསྐོ་བཞག་གནང་པ་ཅིན་ གྲུབ་འབྲས་ཚུ་ ཁྱད་འཕགས་ཅན་བྱུང་ཚུགས་པའི་ འོས་འབྱོར་ཡོད་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ནང་ བློན་ཆེན་མཆོག་ བ་ར་ཟིལ་རྒྱལ་ཁབ་ནང་ བྱོན་པའི་ཞོར་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ དྲུང་ཆེན་དང་མཇལ་ཕྲད་གནང་ནི་ཨིན་མི་དེ་ཡང་ གྲོས་བསྡུར་ཞལ་འཛོམས་ནང་བྱུང་མིའི་ གྲོས་ཆད་ཚུ་ དྲུང་ཆེན་ལུ་ཕུལ་ནི་ཨིན་པའི་ཁར་ ལྷན་ཚོགས་ཀྱི་འཐུས་མི་བསྐོ་བཞག་ཡང་ དྲུང་ཆེན་གྱིས་གནང་དགོ་པའི་ ཞུ་བསྐུལ་འབད་ནི་ཨིན་པས།
དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བའི་ནང་ཡོད་པའི་ ན་གཞོན་ཚུ་དང་གཅིག་ཁར་ ག་དེ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་ན་ ཟེར་བའི་ལན་ལུ་ བློན་ཆེན་གྱིས་ འབྲུག་ལུ་འབད་བ་ཅིན་ དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ སློབ་གྲྭ་ཚུ་ནང་ གོང་འཕེལ་བཏང་དོ་ཡོདཔ་ད་ ལྟ་བ་དེ་ སློབ་གྲྭའི་ ཆོས་ཚན་ནང་ཡང་ཡོདཔ་མ་ཚད་ སློབ་གྲྭ་ཚུ་ནང་ མཐའ་འཁོར་སྲུང་སྐྱོབ་དང་ སྒྲིག་ལམ་ཆོས་གསུམ་ཚུ་དང་འབྲེལ་བའི་ ཤེས་ཡོན་ལས་རིམ་ ལེ་ཤ་ཅིག་ར་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ན་གཞོན་ཚུ་གཞི་རྩ་དེ་ནང་ འབྲེལ་གཏོགས་བྱུང་དོ་ཟེར་གསུངས་ཡི།
རྒྱལ་སྤྱིའི་གནས་ཚུལ་ནང་འབད་བ་ཅིན་ ལྷན་ཚོགས་ཀྱི་བཀའ་རྒྱ་དེ་ལུ་ རག་ལས་ནི་ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ འཛམ་གླིང་སྤྱི་ཚོགས་ནང་ དཔལ་འབྱོར་གོང་འཕེལ་གྱི་ལྟ་བ་གསར་པའི་ གྲོས་གཞི་ཕུལ་ནིའི་གོ་སྐབས་ལེན་ནི་ཟེར་ཨིནམ་ད་ ལོ་སྟོང་དམིགས་ཡུལ་དེ་ སྤྱི་ལོ་༢༠༡༥ ལུ་ མཇུག་བསྡུཝ་ད་ དཔལ་འབྱོར་གོང་འཕེལ་གྱི་ དམིགས་ཡུལ་གསརཔ་དེ་ གཞི་བཙུགས་འབད་ནི་གི་རེ་བ་ཡོདཔ་ལས་ ལྟ་བ་དེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ ངོས་ལེན་འབད་བའི་རེ་བ་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment