ཨིན་རུང་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་ ལྐོག་ཟ་ཚུ་ འདས་པའི་ལོ་ལས་ མར་བབས་སོང་ནུག།
༉ སྤྱི་ལོ་༢༠༡༢ ཀྱི་ཟླཝ་༢ པའི་ཚེས་༡༥ ཚུན་ཚོད་ གཞུང་གི་ལྷན་ཁག་དང་ ལས་སྡེ་ ལས་འཛིན་ཚུ་ནང་ ཚུལ་མིན་ལག་ལེན་གྱི་ རྩིས་སྒྲིག་མ་འབད་བའི་ མ་དངུལ་ས་ཡ་༧༧༠.༡༤༡ ལུས་མི་དེ་ སྤྱི་ལོ་༢༠༡༠ ལུ་ དངུལ་ཀྲམ་ས་ཡ་༦༨༡.༥༩༣ ཨིན་མི་དང་ཕྱདཔ་ད་ བརྒྱ་ཆ་༡༢.༩ ལྷགཔ་ཅིག་ ཡར་སེང་སོང་ནུག་ཟེར་ བདུན་ཕྲག་འདི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བགོ་བཀྲམ་འབད་མི་ སྤྱི་ལོ་༢༠༡༡ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
རྩིས་སྒྲིག་མ་འབད་བར་ མངོན་གསལ་ཆེཝ་སྦེ་ལུས་མི་ གནད་དོན་ཚུ་ཡང་ ལྷན་ཁག་༡༠ ཆ་མཉམ་དང་ རྫོང་ཁག་༡༤ དེ་ལས་ རྫོང་ཁག་༡༡ གི་ རྒེད་འོག་༢༡ དང་ རང་སྐྱོང་ལས་སྡེ་༨ ལས་འཛིན་༧ དངུལ་འབྲེལ་ལས་ཁང་༢ གཞུང་མིན་ལས་སྡེ་༡ དང་ སྲིད་དོན་ཚོགས་པ་༡ ཨིན་པས།
རྩིས་ཞིབ་སྙན་ཞུའི་ནང་ མ་དངུལ་ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་མི་ཚུ་ དབྱེ་བ་༤ སྦེ་ གསལ་བཀོད་འབད་ཡོད་མི་དེ་ནང་ མ་དངུལ་ཆད་ཆདཔ་དང་ སྐྱོན་ཞུགས་ ཁྱད་པར་གྱི་ དབྱེ་བའི་ནང་ མ་དངུལ་ཚུལ་མིན་ལག་ལེན་བརྒྱ་ཆ་༤༦ (དངུལ་ཀྲམ་ས་༣༥༨.༢༠༨)དང་ ཚུལ་མིན་འཛིན་སྐྱོང་ནང་ བརྒྱ་ཆ་༣༧ (དངུལ་ཀྲམ་ས་ཡ་༢༨༥.༡༡༣) ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ལས་འགལ་བའི་ བརྒྱ་ཆ་༡༥ (དངུལ་ཀྲམ་ས་ཡ་༡༡༣.༤༦༦) དེ་ལས་ གཡོ་སྒྱུ་དང་ ངན་ལྷད་ ལྐོག་ཟ་དབྱེ་བའི་ནང་ བརྒྱ་ཆ་༢ འབདཝ་ད་ དངུལ་ཀྲམ་ས་ཡ་༡༣.༣༥༣ ཨིན་པས།
གཞུང་གི་ལྷན་ཁག་༡༠ གྱི་གྲས་ལས་ ཚུལ་མཐུན་ཐོག་ ལག་ལེན་མ་འཐབ་པའི་ དངུལ་འབོར་མཐོ་ཤོས་ར་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་འོག་ལུ་ དངུལ་ཀྲམ་ས་ཡ་༢༣༤.༦༧༠ དང་ དེ་གི་འོག་ལས་ར་ ཕྱི་འབྲེལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༢༠༢.༧༢༠ ཞབས་ཏོག་ལྷན་ཁག་གི་འོག་ལུ་ དངུལ་ཀྲམ་ས་ཡ་༧༢.༥༦༢ རྩིས་སྒྲིག་མ་འབད་བར་ཡོདཔ་ལས་ མ་དངུལ་ཚུལ་མིན་ལག་ལེན་ཡོངས་བསྡོམས་ལས་ བརྒྱ་ཆ་༦༦ ལྷགཔ་ཅིག་ ལྷན་ཁག་དེ་གསུམ་ནང་ ཐོནམ་ཨིན་པས།
དེ་ལས་ ལས་འཛིན་དང་ དངུལ་འབྲེལ་ལས་ཁང་ གཞུང་མིན་ལས་སྡེ་ སྲིད་དོན་ཚོགས་པ་ཚུ་གི་འོག་ལུ་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་མཐོ་ཤོས་ར་ དཔལ་ལྡན་རྩི་ས་དབང་འཛིན་ནང་ དངུལ་ཀྲམ་ས་ཡ་༥༧.༤༠༢ དང་ དེ་གི་འོག་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༤༦.༥༦༨ ཨིནམ་སྦེ་ རྩིས་ཞིབ་སྙན་ཞུའི་ནང་བཀོད་ནུག།
གཡོ་སྒྱུ་དང་ ངན་ལྷད་ ལྐོག་ཟ།
འདས་པའི་ལོ་གི་ རྩིས་ཞིབ་འབདཝ་ད་ ལས་སྡེ་ལ་ལུ་ཅིག་ནང་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་ མ་དངུལ་སྒེར་སྤྱོད་འབད་བའི་ བརྡ་མཚོན་མངོན་གསལ་ཆེཝ་སྦེ་ བྱུང་མི་དེ་ཡང་ གནད་དོན་དེ་ནང་ དངུལ་འབོར་བསྡོམས་ས་ཡ་༡༣.༣༥༣ ཐོན་མི་ལས་ ཕྱི་འབྲེལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༥.༥༦༥ དང་ ཞབས་ཏོག་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༡.༢༠༦ ཐོནམ་བཞིན་དུ་ རྫོང་ཁག་ཚུ་གི་གྲས་ལས་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་ནང་ དངུལ་ཀྲམ་ས་ཡ་༣.༢༩༡ ཐོན་མི་དེ་ དངུལ་འབོར་མཐོ་ཤོས་ཨིན་པའི་ཁར་ དེ་གི་འོག་ལས་ དར་དཀར་ནང་ལུ་ དངུལ་ཀྲམ་ས་ཡ་༡.༤༡༩ དང་ བཀྲིས་གཡང་རྩེ་ལུ་ དངུལ་ཀྲམ་ས་ཡ་༠.༠༧༤ ཨིན་པས།
དངུལ་འབྲེལ་ལས་ཁང་ཚུ་གི་གྲས་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༠.༥༤༠ དང་ འབྲུག་གོང་འཕེལ་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༠.༣༡༠ ཨིནམ་ད་ རྒེད་འོག་ཚུ་གི་གྲས་ལས་ དར་དཀར་ན་རྫོང་ཁག་ ཁེ་སྦིས་ས་དང་ དེའུ་ར་ལི་རྒེད་འོག་༢ ནང་ དངུལ་ཀྲམ་ས་ཡ་༠.༠༢༡ དང་ས་ཡ་༠.༠༢༦ ཐོནམ་མ་ཚད་ བསམ་རྩེ་རྫོང་ཁག་ ཅེང་མ་རི་རྒེད་འོག་བདག་སྐྱོང་གི་ དངུལ་འབོར་ས་ཡ་༠.༠༡༤ ཨིན་པས།
རང་སྐྱོང་ལས་འཛིན་ནང་ གཡོ་སྒྱུ་དང་ ངན་ལྷད་ལག་ལེན་ མ་དངུལ་སྒེར་སྤྱོད་ཀྱི་ གནད་དོན་མཐོ་ཤོས་ར་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ནང་ དངུལ་ཀྲམ་ས་ཡ་༠.༤༣༨ དང་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལུའི་ལྷན་ཚོགས་ནང་ དངུལ་ཀྲམ་ས་ཡ་༠.༠༣༩ ཐོན་ནུག།
ཚུལ་མིན་འཛིན་སྐྱོང་།
གནད་དོན་དེ་གི་འོག་ལུ་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢༨༥.༡༡༣ ཐོན་ཡོད་མི་ལས་ མཐོ་ཤོས་ར་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༢༡༣.༢༤༠ འབདཝ་ད་ བརྒྱ་ཆ་༧༤ ལྷགཔ་ཅིག་ཐོན་མི་དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ འོང་འབབ་མ་དངུལ་ ཚུལ་མཐུན་སྦེ་ འཛིན་སྐྱོང་མ་འབད་མི་ མ་དངུལ་ས་ཡ་༡༤༦.༦༤༩ དང་ ཞི་བའི་མཁའ་འགྲུལ་ལས་ཁུངས་ནང་ ལག་ལེན་མེད་པར་ལུས་མི་ མ་དངུལ་ས་ཡ་༥༧.༧༡༦ ཨིན་མི་ལུ་བརྟེན་ དངུལ་འབོར་མཐོ་ཤོས་ཐོན་ཡོདཔ་ད་ དེ་གི་འོག་ལས་ར་ དངུལ་འབྲེལ་ལས་ཁང་ཚུ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་རྐྱངམ་གཅིག་ལས་ར་ དངུལ་ཀྲམ་ས་ཡ་༤༤.༥༨༤ ཐོན་ནུག།
ལས་འཛིན་ཚུ་གི་འོག་ལུ་ དཔལ་ལྡན་རྩི་ས་དབང་འཛིན་ནང་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་ས་ཡ་༣.༠༦༩ ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ འབྲུག་འགྲེམ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༢.༨༡༥ དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ དངུལ་ཀྲམ་ས་ཡ་༠.༣༢༦ ཨིནམ་ད་ རྫོང་ཁག་ཚུ་གི་གྲས་ལས་ སྤུ་ན་ཁ་དང་ གསར་སྤང་ལུ་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་ས་ཡ་༣.༡༤༥ དང་༡.༠༠༧ ཐོན་ནུག།
ཁྲིམས་དང་ བཅའ་ཡིག་ལས་འགལ་བ།
གནད་དོན་དེ་གི་འོག་ལུ་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་བསྡོམས་ དངུལ་ཀྲམ་ས་ཡ་༡༡༣.༤༦༦ ཐོན་ཡོད་མི་ལས་ མཐོ་ཤོས་ར་ ཞབས་ཏོག་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༤༧.༠༣༢ དང་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༡༨.༧༥༣ བསྟན་རྒྱས་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༡༢.༢༧༩ གསོ་བའི་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༡༡.༩༢༤ ཨིནམ་ད་ རྫོང་ཁག་ཚུ་གི་གྲས་ལས་ བཀྲིས་གཡང་རྩེ་རྫོང་ཁག་བདག་སྐྱོང་ནང་ དངུལ་ཀྲམ་ས་ཡ་༦.༣༢༠ དང་ དེ་གི་འོག་ལས་ གསར་སྤང་ལུ་ དངུལ་ཀྲམ་ས་ཡ་༣.༨༠༧ དང་ སྤུ་ན་ཁ་ལུ་ དངུལ་ཀྲམ་ས་ཡ་༡.༠༧༦ ཨིན་པས།
དངུལ་འབྲེལ་ལས་ཁང་ཚུ་གི་གྲས་ལས་ འབྲུག་གོང་འཕེལ་དངུལ་ཁང་ལུ་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་ས་ཡ་༥.༠༧༤ དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ དངུལ་ཀྲམ་ས་ཡ་༠.༦༥༩ ཐོན་ནུག།
མ་དངུལ་ཆད་ཆདཔ་དང་ སྐྱོན་ཞུགས་ ཁྱད་པར།
དེ་གི་འོག་ལུ་ དངུལ་འབོར་བསྡོམས་ ས་ཡ་༣༥༨.༢༠༨ ཐོན་ཡོད་མི་དེ་ མཐོ་ཤོས་ར་ ལྷན་ཁག་ཚུ་ནང་ དངུལ་ཀྲམ་ས་ཡ་༢༤༢.༦༡༨ ཐོན་ཡོད་མི་ལས་ ཕྱི་འབྲེལ་ལྷན་ཁག་ནང་ དངུལ་ཀྲམ་ས་ཡ་༡༩༦.༧༧༩ དང་ ཞབས་ཏོག་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༢༤.༣༢༤ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ དངུལ་ཀྲམ་ས་ཡ་༩.༤༦༦ ཤེས་རིག་ལྷན་ཁག་འོག་ལུ་ དངུལ་ཀྲམ་ས་ཡ་༨.༣༧༢ ཐོན་ནུག།
ལས་འཛིན་གྱི་འོག་ལུ་ དཔལ་ལྡན་རྩི་ས་དབང་འཛིན་ནང་ ཚུལ་མིན་ལག་ལེན་གྱི་ དངུལ་འབོར་བསྡོམས་ས་ཡ་༥༤.༣༣༣ དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༠.༤༢༠ ཨིནམ་ད་ རྫོང་ཁག་ཚུ་གི་གྲས་ལས་ ཀྲོང་གསར་ལུ་ དངུལ་ཀྲམ་ས་ཡ་༩.༧༣༢ དང་ ཆུ་ཁ་ལུ་ དངུལ་ཀྲམ་ས་ཡ་༩.༣༢༧ བཀྲིས་གཡང་རྩེ་ལུ་ དངུལ་ཀྲམ་ས་ཡ་༣.༣༡༡ ཨིན་པས།
རང་སྐྱོང་ལས་སྡེའི་འོག་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལུའི་ལྷན་ཚོགས་ལུ་ དངུལ་འབོར་ས་ཡ་༡༩.༩༢༢ དང་ འབྲུག་གི་ལྟ་བཤལ་ཚོགས་སྡེའི་ དངུལ་ཀྲམ་ས་ཡ་༢.༢༦༠ ཨིནམ་ད་ གཞུང་མིན་ལས་སྡེ་དང་ སྲིད་ཚོགས་ཚུ་གི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ དངུལ་ཀྲམ་ས་ཡ་༤.༢༡༧ དང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ དངུལ་ཀྲམ་ས་ཡ་༠.༤༤༤ ཐོནམ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༡ ལུ་ རྩིས་ཞིབ་སྙན་ཞུ་༨༢༤ བཏོན་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment