གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་ཚོགས་པ་གིས་ དྭངས་གསལ་ཅན་གྱི་ འཁྲི་འགན་འབག་ཡོདཔ།

༡༩/༠༥/༡༢། ཟླ་རིམ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ གཞུང་གིས་ ཕྱག་ལཱ་གནང་མི་ཚུ་ དྭངས་གསལ་ཅན་གྱི་ཐོག་ལས་ སྙན་ཞུ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

༉ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་ནམ་དུས་ལུ་ སྲིད་དོན་ཚོགས་པ་གཉིས་ཀྱིས་ བཙག་འཐུ་ནང་ དོ་འགྲན་འབད་བའི་སྐབས་ རྒྱལ་ཡོངས་ཚོགས་འདུ་ནང་ སྡོད་ཁྲི་ཡོངས་བསྡོམས་༤༧ ཡོད་མི་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་༤༥ ཐོབ་སྟེ་ རྒྱལ་ཁ་ཐོབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་༢ ལས་བརྒལ་ བཙག་འཐུ་མ་གྲུབ་ལས་ དེ་བསྒང་ གཞུང་སྐྱོང་ཚོགས་པ་ ཚ་གྱང་ལང་དགོཔ་ ཐོན་ཡོདཔ་ཨིན་པས།


ཚ་གྱང་ལང་མིའི་སྐོར་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཁ་ཉིནམ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ དྲི་བཀོད་ལས་རིམ་ཐེངས་༢༡ པའི་ནང་ གསུངས་མིའི་ནང་ གཞུང་བཙག་འཐུ་གྲུབ་ཚརཝ་ཅིག་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ཚུ་ ཆེ་རིམ་གནས་ཚད་ཀྱི་ ཞལ་འཛོམས་ཅིག་ འཚོགས་དགོཔ་ཐོན་ཡི་ཟེར་ཨིནམ་ད་ དེའི་སྐོར་ལས་བརྡ་བརྒྱུདཔ་ཚུ་གིས་ ལྡོག་ཕྱོགས་ཚོགས་པའི་ གྲུབ་འབྲས་ཚུ་ གཞུང་གིས་ ག་དེ་སྦེ་ དབྱེ་ཞིབ་གནང་དོ་ག་ཟེར་བའི་ ལན་ལུ་གསུངས་གནང་ཡི།
ཞལ་འཛོམས་འཚོགས་གནང་མི་དེ་ ལྡོག་ཕྱོགས་ཀྱི་འཐུས་མི་༢ ལས་བརྒལ་ བཙག་འཐུ་གྲུབ་མ་ཚུགས་ལས་ ལྡོག་ཕྱོགས་སྒྲིང་སྒྲིང་མེད་པ་ཅིན་ ཚོགས་ཁང་ནང་ ཁྲིམས་རྩམ་པའི་སྐབས་ གྲོས་ཆོད་ལོག་ཅི་ཁར་ བཏོན་ནིའི་ཉེན་ཁ་ཡོདཔ་ལས་བརྟེན་ ཞལ་འཛོམས་ཀྱི་སྐབས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་༢ ལས་བརྒལ་མེད་རུང་ དམངས་གཙོའི་རིང་ལུགས་ལུ་ བར་རྐྱེན་འབྱུང་མ་བཅུག་པར་ གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ བློན་ཆེན་མཆོག་གིས་གསུངས་ཡི།
དེའི་བདེན་རྟགས་དེ་ ཚོགས་ཁང་ནང་ གསུང་གྲོས་གནང་པའི་སྐབས་ ཚོགས་དཔོན་གྱིས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་༢ ལུ་ ཞུ་ནིའི་གོ་སྐབས་ཚུ་ གཞུང་སྐྱོང་ཚོགས་པའི་འཐུས་མི་དང་ འདྲ་མཉམ་སྦེ་ གནང་བའི་ཁར་ ཁོང་གིས་ ཞུ་བའི་སྐབས་ལུ་ཡང་ ཚོགས་དཔོན་གྱིས་ བཀག་ཆ་གནང་ནི་མེད་ཟེར་ཨིན་པས།
དེ་བཟུམ་གྱི་ གོ་སྐབས་གནང་མི་དེ་ ལྡོག་ཕྱོགས་ཚོགས་པ་གིས་ ཞུ་མི་དེ་ འབྲུག་མི་ཚུ་གིས་ ཤེས་ཚུགས་ནིའི་གོ་སྐབས་བྱིན་ཡོདཔ་ལས་ མཐའན་མཇུག་ཁར་ དམངས་གཙོའི་རིང་ལུགས་ ཡར་དྲག་གཏང་ནི་ལུ་ ཕན་པ་ཡོདཔ་ཤེས་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་ཁང་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུའི་བར་ན་ རྩོད་འགྲན་འབད་ནི་དང་ གཅིག་གིས་གཅིག་ལུ་ དྲི་བཀོད་འབད་ནི་ དེ་ལས་ འཆམ་ཁ་འགྲིག་མ་ཚུགས་མི་ཚུ་ ཚོགས་པ་ནང་འཁོད་ལུ་ཡང་ ལྟོ་རྟོག་འབད་བའི་ བརྡ་མཚོན་ཅིག་ཨིནམ་ད་ དེ་བཟུམ་མའི་ ལམ་ལུགས་དེ་ འཛམ་གླིང་ག་ཏེ་ཡང་མེད་ཟེར་ བློན་ཆེན་མཆོག་གིས་གསུངས་ཡི།
དམངས་གཙོའི་ལམ་ལུགས་ཡོད་པའི་ རྒྱལ་ཁབ་མང་ཤོས་ཅིག་ནང་ གཞུང་སྐྱོང་ཚོགས་པའི་འཐུས་མི་ཅིག་གིས་ཞུ་མི་ལུ་ གཞན་ཚུ་གིས་ རྒྱབ་སྐྱོར་འབད་བའི་ཁར་ འཐུས་མི་གཅིག་གིས་གཅིག་ལུ་ དྲི་བཀོད་དང་ རྩོད་འགྲན་འབད་ནི་མེདཔ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ མི་སྡེ་དང་ ལམ་སྲོལ་ག་ཅིའི་ཐད་ལས་ཞུ་རུང་ གོ་སྐབས་འདྲ་མཉམ་བྱིན་པའི་ཁར་ གུས་ཞབས་ཡང་འདྲ་མཉམ་བྱིན་མི་དེ་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་ཅན་བཟོ་ནི་ལུ་དམིགས་ཏེ་ གཞུང་ཕྱོགས་དང་ ལྡོག་ཕྱོགས་ཀྱི་བར་ན་ ཁྱད་པར་ཆགས་བཅུག་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་རྙོགས་སྐོར་ལས་ བཤད་མིའི་ནང་ འབྲུག་གི་བློན་ཆེན་གྱིས་ འབྲེལ་གཏོགས་ཡོདཔ་སྦེ་བརྡ་བརྒྱུད་ནང་བཀོད་རུང་ གཞུང་ལས་ བཀག་ཆ་ག་ནི་ཡང་མེད་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞིབ་དཔྱད་འབད་བཅུག་མི་དེ་ གཞུང་དྭངས་གསལ་ཨིན་པའི་ རྟགས་མཚན་ཨིནམ་མ་ཚད་ ན་ཧིང་ ཁྲལ་ཡར་སེང་གི་སྐོར་ལས་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པའི་བར་ན་ རྩོད་གཞི་ཕྱེ་མི་དེ་ ཆེ་མཐོ་ཁྲིམས་འདུན་ལས་ ལྡོག་ཕྱོགས་ཁ་ཐུག་ལུ་ འཁྲུན་ཆོད་བཏོན་མི་དེ་ཡང་ གཞུང་གིས་ བར་དཀྲོགས་མ་འབད་བའི་ རྟགས་མཚན་ཨིན་ཟེར་ཨིན་པས།
གཞུང་གཙང་ཏོག་ཏོ་ཨིན་པའི་ བརྡ་མཚོན་གཞན་ཡང་ ཟླ་རིམ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ག་ར་ བརྡ་བརྒྱུད་ཚུ་དང་གཅིག་ཁར་ དྲི་བཀོད་ཀྱི་ལས་རིམ་ནང་ བྱོན་དགོཔ་བཟོ་མི་དེ་ གཞུང་གི་ཕྱག་ལཱ་མཛད་མི་ཚུ་ བརྡ་བརྒྱུད་ལུ་ དྭངས་གསལ་ཅན་གྱི་ཐོག་ལས་ སྙན་ཞུ་འབད་ནིའི་དོན་ལུ་ཨིན་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment