༡༩/༥/༢༠༡༢
མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱ་གར་གྱི་ རྒྱལ་ཡོངས་བརྡ་དོན་འཕྲུལ་རིག་སྤེལ་ཁང་གི་ཁྲི་འཛིན་ ཨར་ཨེསི་པ་ཝར་ལུ་ རྗེས་སུ་ངལ་རངས་ཀྱི་ ལག་ཁྱེར་གནང་ཡོདཔ་ཨིན།
སློབ་ཕྲུག་ཨ་ལུ་ཚུ་ གསརཔ་གཞི་བཙུགས་འབད་མི་ གློག་རིག་ཀམ་པུས་ཊར་ནང་ རྩེདམོ་རྩེ་སྡོད་པའི་བསྒང་། |
གློག་རིག་ཀམ་པུས་ཊར་གྱི་ རྩེད་ཁང་ལྟེ་བའི་ནང་ རྩེད་ཁང་༢ གཞི་བཙུགས་འབད་ཡོད་མི་དེ་ ཉིནམ་གཅིག་ར་ སྒོ་ཕྱེ་བཞག་ནི་ཨིནམ་ལས་ སློབ་ཕྲུག་ཨ་ལུ་ཚུ་གིས་ གློག་རིག་ཐོག་ལས་ རྩེད་རིགས་དང་འབྲེལ་བའི་ཤེས་ཡོན་ཚུ་ འཐོབ་ཚུགས་ནི་ཨིན་པས།
རྩེད་ཁང་དེ་ནང་ ཨ་ལུ་ཚུ་གིས་ རྩེད་རིགས་ཚུ་མ་བརྩི་བར་ སློབ་རིམ་དང་པ་ལས་ སློབ་རིམ་༡༠ པ་ཚུན་གྱི་ རྩིས་དང་ ཨིང་སྐད་ རྫོང་ཁ་ ཚན་རིག་ མི་སྡེའི་ཚན་རིག་ མི་ཚེའི་རིག་རྩལ་ དེ་ལས་ གློག་རིག་ཤེས་ཡོན་ལ་སོགས་པའི་ ཆོས་ཚན་ལེ་ཤ་ཅིག་གི་སྐོར་ལས་ ཤེས་ཡོན་འཐོབ་ཚུགས་ནི་ཨིན་པས།
དེ་དང་གཅིག་ཁར་ རྒྱ་གར་གྱི་ རྒྱལ་ཡོངས་བརྡ་དོན་འཕྲུལ་རིག་སྤེལ་ཁང་གི་འོག་ལུ་ སྤྱི་ཕན་རིག་སྤེལ་ལས་འགུལ་གྱིས་ རྩེད་ཁང་གི་ ལས་འགུལ་དེ་ཡང་ གཞུང་འབྲེལ་ཐོག་ལས་ ན་གཞོན་གོང་འཕེལ་མ་དངུལ་ལུ་ རྩིས་སྤྲོད་འབདཝ་དང་གཅིག་ཁར་ རྒྱ་གར་གྱི་རྒྱལ་ཡོངས་སློབ་གཉེར་གྲོགས་རམ་ཐོག་ ས་སྟོང་༤ བྱིན་ཡོདཔ་ཨིན་པས།
སློབ་གཉེར་གྲོགས་རམ་གྱི་འོག་ལུ་ ལོ་གཅིག་ནང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ན་གཞོན་༤ གིས་ ལོ་གཅིག་གི་ གཙུག་ལག་འོག་མ་ ཌིབ་ལོ་མའི་ཤེས་ཚད་དོན་ལུ་ གློག་རིག་དང་འབྲེལ་བའི་ ཤེས་ཡོན་སྦྱང་པར་ གཏང་ནི་ཨིནམ་ད་ སློབ་གཉེར་གྲོགས་རམ་དེ་ ལོ་༣ གྱི་རིང་ བྱིན་ནི་ཨིན་པས།
སློབ་གཉེར་གྲོགས་རམ་དེ་ ན་གཞོན་ལམ་བཟང་ལྟེ་བ་ནང་སྡོད་མི་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ ཨ་ལུ་ཚུ་དང་ གཞན་ལཱ་གཡོག་མེད་པར་སྡོད་མི་ ན་གཞོན་ཚུ་ལུ་བྱིན་ཏེ་ ལཱ་གཡོག་གི་གོ་སྐབས་ ཡར་སེང་འབད་ནི་ཨིན་པས།
ལས་རིམ་དེ་ནང་ མི་དབང་རྒྱལ་ཡུམ་མཆོག་གིས་ རྒྱ་གར་གྱི་ རྒྱལ་ཡོངས་བརྡ་དོན་འཕྲུལ་རིག་སྤེལ་ཁང་གི་ཁྲི་འཛིན་ ཨར་ཨེསི་པ་ཝར་ལུ་ ངལ་རངས་ཀྱི་ ལག་ཁྱེར་ཡང་གནང་ཡི།
ན་གཞོན་དཔལ་རི་ལམ་བཟང་ལྟེ་བའི་ ལས་རིམ་འཛིན་སྐྱོང་པ་ བསྟན་འཛིན་དབང་ཕྱུག་གིས་ སྤྱི་ཕན་རིག་སྤེལ་ལས་འགུལ་གྱིས་ འབྲུག་གི་ན་གཞོན་ཚུ་ལུ་ ཕན་ཐོགས་པའི་སྐོར་ལས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ད་ལྟོ་ཚུན་ ལས་འགུལ་གྱི་ བརྡ་དོན་དང་འབྲེལ་བའི་མཐུན་རྐྱེན་ཚུ་གིས་ གསར་སྦིས་ཐང་ན་གཞོན་ལམ་བཟང་ལྟེ་བ་ལུ་ ན་གཞོན་༣༣༨ དང་ ཐིམ་ཕུ་བསླབ་སྟོན་ལྟེ་བ་ནང་ན་ན་གཞོན་༤༠༩ དེ་ལས་ བུམ་ཐང་བསླབ་སྟོན་ལྟེ་བའི་ནང་ ན་གཞོན་༥༠༧ ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment