གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ ཚོད་བསྲེ་ནང་འདྲེན་འཐབ་ས་ གཙོ་བོ་ཅིག་ཨིན་མི་ ཕ་ལ་ཀ་ཊ།


༢༡/༥/༢༠༡༢

འབྲུག་མི་ཚོང་པ་དང་ རྒྱ་གར་ཚོང་པ་ཚུ་གི་བར་ན་ ཚོད་བསྲེ་ གོང་ཚད་སྒྲིག་ཆ་བཟོ་བའི་བསྒང་།

༉ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༨༠ དེ་ཅིག་གི་ས་ཁར་ ཆགས་ཡོད་པའི་ རྒྱ་གར་མངའ་སྡེ་ ནུབ་བེང་གཱལ་གྱི་ ཚོད་བསྲེ་ཕྱིར་ཚོང་འཐབ་སའི་ས་གནས་ ཕ་ལ་ཀ་ཊ་དེ་ འབྲུག་པའི་ཚོད་བསྲེ་ནང་འདྲེན་གྱི་ཚོང་སྒྱུར་འཐབ་ས་ ཡོངས་གྲགས་ཅན་ཅིག་ཨིན་པས།

ཚོད་བསྲེ་དོས་ཚུ་ སྣུམ་འཁོར་ནང་བཙུགས་པའི་བསྒང་།


ཕ་ལ་ཀ་ཊའི་ཁྲོམ་ཁར་ལྷོད་ནི་ལུ་ འཁོར་ལམ་ཀི་ལོ་མི་ཊར་༥༠ དེ་ཅིག་གི་ས་ཁར་ འཁོར་ལམ་གྱི་གནས་སྟངས་ཚུ་ ལེགས་ཤོམ་མེད་ནི་དེ་གིས་ དཀའ་ངལ་ཡོདཔ་ཨིན་པས།
ས་གནས་ཕ་ལ་ཀ་ཊ་ལུ་འགྱོ་སའི་འགྲུལ་འཁོར་ལམ་ རྒྱ་གྲམ་ལེ་ཤ་ཡོད་ནི་དེ་གིས་ ས་གནས་ནང་ ཧེ་མ་ལས་ མ་སོང་མི་དེད་གཡོགཔ་ཚུ་ ལམ་མ་ཤེས་པར་ མགོ་འཐོམ་དོ་ཡོད་རུང་ ས་གནས་མཐའ་འཁོར་གྱི་ མི་ཚུ་ལུ་ དྲི་བཀོད་འབདཝ་ད་ ལམ་སྟོན་བྱིན་དོ་ཡོདཔ་ཨིན་པས།
ཚོད་བསྲེ་ཕྱིར་ཚོང་འཐབ་སའི་ས་གནས་ ཕ་ལ་ཀ་ཊ་དང་ པཱསི་མའིལ་ཟེར་ ཁག་༢ ཡོད་ས་ལས་ འབྲུག་ལུ་ ཚོད་བསྲེ་ནང་འདྲེན་མང་ཤོས་ཅིག་ ཕ་ལ་ཀ་ཊ་ཚོད་བསྲེ་ཁྲོམ་ལས་ འབག་འོང་དོ་ཡོདཔ་ཨིན་པས།
ཚོད་བསྲེ་ཁྲོམ་དེ་ནང་ ཚོང་འབྲེལ་གྱི་དོན་ལུ་ དུས་ཚོད་ཁར་ལྷོད་དགོཔ་ལས་ གལ་སྲིད་ དུས་ཚོད་ཁར་ལྷོད་མ་ཚུགས་པ་ཅིན་ ཚོང་བཙོང་ཚར་ཏེ་ ཁྲོམ་སྟོང་ཧང་ཧ་འབད་བའི་ མཐོང་གསལ་བྱུང་དོ་ཡོདཔ་ཨིན་རུང་ ཚོང་འབྲེལ་གྱི་དུས་ཚོད་ཁར་ མི་ལེ་ཤ་ཅིག་ར་ སྤུང་འཛོམས་འབདཝ་ཨིན་མས།
ས་གནས་ནང་གི་སྦུང་ཚོང་འཐབ་མི་ཚུ་གིས་ ཚོད་བསྲེ་བཞག་སའི་ ཁྱིམ་ཚུ་རྐྱབ་ཐོག་ལས་ ལཱ་འབད་མི་ཚུ་བཙུགས་ཏེ་ ཁྲོམ་ཁར་ ཚོད་བསྲེ་བཙོང་པར་འོང་མི་ སོ་ནམ་ཞིང་པ་ཚུ་ལས་ ཚོད་བསྲེ་ཚུ་སྦུང་སྟབས་སྦེ་ ཉོ་སྟེ་ བསྡམས་བཞག་དོ་ཡོདཔ་ཨིན་པས།
འབྲུག་དང་ གཞན་མི་ མངའ་སྡེ་ཚུ་ནང་ལས་ མཁོ་འདོད་བཀོད་མི་དང་འཁྲིལ་ ལཱ་འབད་མི་ཚུ་གིས་ ཚོད་བསྲེ་ཚུ་ ཕྱིར་གསལ་རྐྱབ་སྟེ་ དོས་བཟོ་བའི་ཤུལ་ལས་ སྣུམ་འཁོར་ཚུ་ལྷོད་པའི་སྐབས་ དོས་རྐྱབ་བཏང་ཞིནམ་ལས་ ཁོང་ར་ཆ་ཁྱབ་ ཆང་རེ་འཐུང་ བཤད་ཐོ་བཏང་སྦེ་ སྡོདཔ་ཡོདཔ་ཨིན་པས།
ས་གནས་དེ་ཁར་ གནམ་གཤིས་ཚ་དྲོད་ཆེ་ནི་དེ་གིས་ ཚོད་བསྲེ་ཚུ་ ཡུན་རིངམོ་སྦེ་ གསོག་འཇོག་འབད་བཞག་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ལས་ རླུང་འཁོར་ཚུ་ ཉིན་ནུབ་མེད་པར་ བཏང་བཞག་དོ་ཡོདཔ་ཨིན་པས།
འབྲུག་མི་གསརཔ་ཚུ་ ས་གནས་དེ་ཁར་ལྷོད་པའི་སྐབས་ ལཱ་འབད་མི་ཚུ་གིས་ ཆང་དྲིམ་དང་བཅས་པའི་སྒོ་ལས་ ག་ཅི་དགོ་ནི་སྨོ་ ག་ཅི་འབད་བར་ འོང་འོངམ་སྨོ་ཟེར་བའི་ དྲི་བཀོད་འབད་དོ་ཡོདཔ་ད་ རེ་ཚེ་སྐབས་ ལཱ་འབད་མི་ཚུ་ ཆང་གིས་འགྲངས་སྟེ་ འཐབ་འཛིང་འབད་བའི་སྐབས་ འབྲུག་མི་ཚུ་གི་སེམས་ཁ་ལུ་ འཇིགས་སྣང་ཡང་ བྱུངམ་ཨིན་པས།
ལས་མི་ལ་ལུ་ཅིག་གིས་ ས་གནས་དེ་ནང་ལས་ ཚོད་བསྲེ་ལྷག་ལུས་ དུམ་གྲ་རེ་ རང་སོའི་རྐང་འཁོར་གུ་བཀལ་ཏེ་ ཁྱིམ་ནང་འབག་འགྱོ་བའི་མཐོང་གསལ་བྱུངམ་མ་ཚད་ ཚོད་བསྲེ་དང་ ཤིང་འབྲས་མེདཔ་ཐལ་ཏེ་བཀོ་བཞག་མི་ ཨ་པའི་མགུ་ཏོ་དང་ ཚོད་བསྲེ་གཞན་གྱི་རིགས་ཚུ་ ནོར་སེམས་ཅན་གྱིས་ བཟའ་ས་མཐོངམ་ཨིན་པས།
ས་གནས་ཁར་ འབྲུག་པའི་ཚོང་ཉོ་བར་འོང་མི་སྣུམ་འཁོར་ཚུ་ནང་ དེད་གཡོགཔ་རྐྱངམ་གཅིག་མ་གཏོགས་ ཚོང་པ་ཁོང་ར་ འོང་ས་མི་མཐོང་དོ་ཡོདཔ་ལས་ ཐིམ་ཕུ་དང་ རྫོང་ཁག་གཞན་ཚུ་ནང་ ཚོད་བསྲེ་གི་གོང་ཚད་ ཡར་སེང་སོང་མི་དེ་ ཚོད་བསྲེ་ བར་ཚོང་འཐབ་མི་ལས་བརྒྱུད་དེ་ ཉོ་འདྲེན་འབད་མི་ལུ་བརྟེན་ཏེ་ ཨིནམ་བཟུམ་ཅིག་ཡང་ མཐོང་གསལ་བྱུངམ་ཨིན་པས།
ཚོད་བསྲེ་ཚོང་འབྲེལ་གྱི་ ཉིན་མར་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ར་ གཡུས་མི་ཚུ་གིས་ རང་སོའི་ཞིང་གི་ ཐོན་སྐྱེད་ ཀོ་པི་དང་ ཨེ་མ་ལ་སོགས་པ་ཚུ་ རྐང་འཁོར་གུ་ ཐགཔ་གིས་ ལེགས་ཤོམ་སྦེ་བསྡམས་ཏེ་ ཁྲོམ་ཁར་ འབག་འོངམ་ཨིན་པས།
འབྲུག་པའི་ཚོད་བསྲེ་ཚོང་པ་ཚུ་དང་ རྒྱ་གར་གྱི་ སྦུང་ཚོང་འཐབ་མི་ཚུ་གི་བར་ན་ མཐུན་འབྲེལ་གྱི་ཐོག་ལས་ དུས་སྟབས་ཚུ་བཟོ་དོ་ཡོདཔ་ད་ གལ་སྲིད་ གཞུང་ལམ་གྱི་ས་གནས་ཚུ་ནང་ ངོ་རྒོལ་འགྲེམ་སྟོན་རེ་ ཐོན་པའི་སྐབས་ ཉིནམ་ཅིག་གི་ ཧེ་མ་ལས་ར་ གནམ་ནུབ་མོ་འབད་རུང་ སྣུམ་འཁོར་ནང་དོས་ཚུ་བཙུགས་ཏེ་ འབྲུག་ལུ་ ལོག་བཏང་དོ་ཡོདཔ་ཨིན་པས།
ནུབ་བེང་གཱལ་དེ་ རྒྱ་གར་གྱི་ སོ་ནམ་ཐོན་སྐྱེད་ རྒྱ་སྦོམ་སྦེ་ འཛུགས་སྐྱོང་འཐབ་མི་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ལུ་ ལྷན་ཐབས་འབད་མི་ ཨང་༦ པ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment