འབྲུག་ཡུ་ནའི་ཊེཌ་(ཁེན་འཇར་ཧོནམོ་གྱོན་མི་)དང་ མུ་ཏིག་ཐང་སྡེ་ཚན་གྱིས་ རྩེད་འགྲན་འབད་བའི་བསྒང་། |
རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ ཚུན་ སྡེ་ཚན་༢ ཀྱིས་ དོ་འགྲན་དམ་དམ་འབད་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་ཡང་ སྤྲོ་བ་སྦོམ་བསྐྱེད་ཡོདཔ་ད་ དུས་ཡུན་སྐར་མ་༣༨ ནང་ འབྲུག་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ གཱོལ་༡ བཙུགས་ནི་ལུ་ ལཱ་ཁག་རྐྱབ་ཡོདཔ་ཨིན་པས།
ངལ་གསོ་ལས་ འབྲུག་ནའི་ཊེཌ་ཀྱིས་ སྐར་མ་༤༨ ནང་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགས་པའི་ཤུལ་ལུ་ ད་རུང་ དུས་ཡུན་སྐར་མ་༥༦ ནང་ གཱོལ་༡ བཙུགས་ཡི།
མུ་ཏིག་ཐང་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ དུས་ཡུན་སྐར་མ་༧༡ ནང་ བྱང་ཕྱད་སྡེ་ཚན་ལུ་ གཱོལ་༡ བཙུགས་ཡོདཔ་བཞིན་དུ་ བྱང་ཕྱད་སྡེ་ཚན་གྱིས་ སྐར་མ་༧༣ དང་༧༦ ལུ་ གཱོལ་རེ་རེ་བཙུགས་ཡོདཔ་ལས་ མུ་ཏིག་ཐང་ཡུ་ནའི་ཊེཌ་སྡེ་ཚན་གྱིས་ ག་དེམ་ཅིག་ རྩ་འགེངས་ཏེ་རྐྱབ་རུང་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ལས་ འགོ་ཐོག་གི་ ལིག་སྐོར་ཐེངས་ཀྱི་ རྩེད་འགྲན་ནང་ ཕམ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགོ་འདྲེན་འཐབ་མི་ ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ དབྱེ་ཁག་ ཁ་པའི་ནང་ སྡེ་ཚན་༨ ཡོད་ཟེར་ཨིནམ་ད་ བདུན་ཕྲག་༡ གི་རིང་ སྡེ་ཚན་ནང་འཁོད་ཀྱི་ ལིག་སྐོར་ཐེངས་རྩེད་འགྲན་འབད་ནི་དང་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མི་དབང་འབྲུག་རྒྱལ་བཞི་པའི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ འགོ་འདྲེན་འཐབ་ནི་ཟེར་ སླབ་ཨིན་པས།
རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ རྩེད་འགྲན་འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ཀྱི་ ལིག་སྐོར་ཐེངས་ནང་ ཊཱངསི་པོཌ་ཡུ་ཎའི་དང་ ཡཱལ་ཕུཊ་བཱོལ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment