དེ་ལུ་ འབྲུག་མཁའ་འགྲུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་ཐང་ནང་ལས་ གནམ་གྲུའི་ཤོག་འཛིན་ཚུ་ སྤྲོད་པའི་སྐབས་ ནང་སྐྱོད་ཆོག་ཐམ་ཚུ་ ངོ་མ་ཨིན་ན་མེན་ན་ བལྟ་ནིའི་མཐུན་རྐྱེན་མེད་ཟེར་ སླབ་ཡོདཔ་ད་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་འབད་བ་ཅིན་ དབྱེ་དཔྱད་འབད་ནིའི་ མཐུན་རྐྱེན་ཡོད་ཟེར་ སླབ་དོ་ཡོདཔ་ཨིན་རུང་ གཏན་འཁེལ་ག་ཅི་ཡང་ མེདཔ་ཨིན་པས།
དེ་གི་སྐོར་ལས་ ཕྱི་མི་ནང་སྐྱོད་གཙོ་འཛིན་འགོ་དཔོན་ ཚེ་དབང་རིག་འཛིན་གྱིས་ ག་ཅི་ཡང་ སླབ་མ་བཏུབ་ད་ འབྲུག་ལྟ་བཤལ་ཚོགས་སྡེའི་མགྲིན་ཚབ་ དམ་ཆོས་རིག་འཛིན་གྱིས་ ལམ་ལུགས་དེ་ བློ་གཏད་དང་ དྭངས་གསལ་ དེ་ལས་ ཕན་ཁྱད་ཅན་ཡོད་ཟེར་སླབ་ཅི།
དེ་ཡང་ ལྟ་བཤལཔ་ཚུ་གི་ ནང་སྐྱོད་ཆོག་ཐམ་བཟོ་བའི་སྐབས་ དང་པ་ར་ ལྟ་བཤལ་ལས་སྡེ་ཚུ་གིས་ ཡིག་ཆ་ཚུ་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ སྤྲོད་དགོཔ་ད་ ཡིག་ཆ་དང་ ཏི་རུ་ཚུ་ག་ར་ ཚང་བའི་བསྒང་ལས་རྐྱངམ་གཅིག་ ཚོགས་སྡེ་གིས་ ངོས་ལེན་འབད་མི་དང་འཁྲིལ་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ ནང་སྐྱོད་ཆོག་ཐམ་ཚུ་ བྱིན་དོ་ཡོད་མི་ལུ་བརྟེན་ཨིན་ཟེར་ དམ་ཆོས་རིག་འཛིན་གྱིས་ སླབ་ཅི།
ཁོ་གིས་འབད་བ་ཅིན་ ནང་སྐྱོད་ཆོག་ཐམ་ཚུ་ ཡོངས་འབྲེལ་ལམ་ལུགས་དེ་གི་ཐོག་ལས་ བཟོ་དོ་ཡོདཔ་བཞིན་དུ་ ལས་བྱེདཔ་ཚུ་ལུ་བརྟེན་པའི་ འཛོལ་བ་ཚུ་ ཐོན་དགོཔ་མེདཔ་ད་ གལ་སྲིད་ ནང་སྐྱོད་ཆོག་ཐམ་གྱི་དོན་ལུ་ ལྟ་བཤལ་ལས་སྡེ་ཚུ་གིས་ ཏི་རུ་ཚངམ་སྦེ་ མ་བཙུག་པ་ཅིན་ ཚོགས་སྡེ་གིས་ ངོས་ལེན་འབད་ནི་མེད་ཟེར་ཨིན་པས།
ཨིན་རུང་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ད་རེས་ཀྱི་གནད་དོན་ནང་ ཡོངས་འབྲེལ་ཐོག་ལས་ འཐོབ་ཚུགས་པའི་ པི་ཌི་ཨེཕ་གི་ ནང་སྐྱོད་ཆོག་ཐམ་འདྲ་པར་ཚུ་ ཐིའུ་དང་སྦྲགས་ཏེ་ རྫུས་བཟོ་འབད་དེ་ གནམ་གྲུ་ནང་ འཕུར་འགྲུལ་འབད་ནུག་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ ལྟ་བཤལཔ་༣ གྱིས་ ཡོངས་འབྲེལ་ནང་སྐྱོད་ཆོག་ཐམ་ལམ་ལུགས་ཀྱི་ ཐོ་བཀོད་འབད་འབདཝ་མེད་པའི་ ཆོག་ཐམ་རྫུས་མ་ཚུ་འབག་སྟེ་ རྒྱལ་ཁབ་ནང་འོང་བའི་སྐབས་ གནམ་གྲུ་ནང་འཛུལ་ནིའི་ ཤོག་འཛིན་ཚུ་ ག་དེ་སྦེ་ ཐོབ་ཐོབ་ཨིན་ན་ ཧ་མི་གོ་བས་ཟེར་ སླབ་ཨིན་པས།
དེ་ལུ་ འབྲུག་མཁའ་འགྲུལ་གྱི་མགྲིན་ཚབ་ དཀོན་མཆོག་དབང་འདུས་ཀྱིས་འབད་བ་ཅིན་ ཁོང་གིས་ གནམ་གྲུའི་ཤོག་འཛིན་ཚུ་ ལྟ་བཤལཔ་ཚུ་གི་ ལམ་ཡིག་གུ་བཀོད་ཡོད་པའི་ ནང་སྐྱོད་ཆོག་ཐམ་འདྲ་པར་གུ་ གཞི་བཞག་ཏེ་ སྤྲོད་དོ་ཡོདཔ་ད་ དེ་ཚུ་ ངོ་མ་ཨིན་མེན་བལྟ་ནི་མེད་ཟེར་ཨིན་པས།
ཡོངས་འབྲེལ་ནང་སྐྱོད་ཆོག་ཐམ་བཟོ་ནིའི་ ལམ་ལུགས་དེ་ཡང་ འཛིན་སྐྱོང་གི་ལཱ་ཚུ་ མར་ཕབ་འབད་ནི་ལུ་དམིགས་ཏེ་ སྤྱི་ལོ་༢༠༠༩ ཟླ་༡༠ པའི་ནང་ འགོ་བཙུགས་ཡོདཔ་ཨིན་པས།
ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་མི་ ལྟ་བཤལཔ་༣ པོ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྤ་རོ་གནམ་ཐང་ནང་ལྷོད་ཡོདཔ་ད་ རྒྱ་ནག་ལས་ ཨམ་སྲུ་༢ དང་ སུའི་ཛར་ལེནཌི་ལས་ ཕོ་སྐྱེས་ཅིག་འབད་མི་ཚུ་ ཉིནམ་༣ རིང་ འབྲུག་ལུ་ ལྟ་སྐོར་འབད་བར་ འོང་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment