གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་གྲུབ་འབྲས་ མཐར་འཁྱོལ་འབྱུང་ཚུགས་པའི་གོ་སྐབས།

ཟླ་༣ པའི་ཚེས་༢༨།
༡༨/༥/༢༠༡༢

ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ 
གནས་ཚུལ་ཞལ་འཛོམས་ འཚོགས་པའི་བསྒང་།
༉ ད་ལྟོ་ གཞུང་སྐྱོང་གི་ཕྱག་འགན་བཞེས་མི་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གནས་ཡུན་ཚང་ནི་ལུ་ ཟླཝ་བཅུ་གཅིག་དེ་ཅིག་ལས་མེདཔ་ལས་ ཚོགས་པ་གིས་ གཞུང་སྐྱོང་གི་ ཕྱག་འགན་འགོ་བཙུགས་པའི་སྐབས་ རྒྱལ་ཁབ་ནང་ ལཱ་གཡོག་མ་ལང་པའི་དཀའ་ངལ་ མར་ཕབ་འབད་ནི་དང་ དབུལ་ཕོངས་ཀྱི་ཚད་གཞི་ བརྒྱ་ཆ་༢༣ ལས་༡༥ ལུ་ མར་ཕབ་འབད་ནི་ དེ་ལས་ རྫོང་ཁག་གི་ སྨན་ཁང་རེ་ལུ་ ཌོག་ཊར་༣ རེ་བཙུག་ནི་ཟེར་ ཁས་བླངས་འབད་མི་དེ་ འགྲུབ་ཚུགས་པའི་ བློ་སྤོབས་དང་བཅསཔ་སྦེ་ཡོདཔ་ཨིན་པས།


དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ དྲི་བཀོད་ལས་རིམ་ཐེངས་༢༡ པའི་ནང་ བརྡ་བརྒྱུདཔ་ཚུ་གིས་ དྲི་བ་བཀོད་པའི་ལན་ལུ་ གསོ་བའི་བློན་པོ་བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྨན་ཁང་༣༠ ཡོད་ས་ལས་༡༠ ལྷགཔ་ཅིག་ནང་ ཌོག་ཊར་༣ ལས་ལྷག་ཡོད་པའི་ཁར་ ནདཔ་ཉུང་སུ་ཅིག་ལས་འོང་ནི་མེད་པའི་ སྨན་ཁང་ཚུ་ནང་ ཌོག་ཊར་༣ ཡང་དགོཔ་མིན་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཚོགས་པ་གིས་ ཁས་བླངས་འབད་མི་ལྟར་དུ་སྦེ་ རྫོང་ཁག་གི་སྨན་ཁང་༣ དང་༤ དེ་ཅིག་ནང་མ་གཏོགས་ གཞན་མི་ཚུ་ནང་ ཌོག་ཊར་ཚུ་བཏང་སྟེ་ ཡོད་ཟེར་ཨིནམ་ད་ རྫོག་ཁག་སྨན་ཁང་རེ་ལུ་ ཌོག་ཊར་༣ གྱི་གྲས་ལས་གཅིག་ སྤྱིར་བཏང་གི་ ཌོག་ཊར་དང་ གཅིག་མཁས་མཆོག་ དེ་ལས་ གཅིག་ མོ་ནད་མཁས་མཆོག་ཚུ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ སྨན་ཁང་ཚུ་ནང་ གསོ་བའི་མཁས་མཆོག་ ག་དེ་མང་མང་གཏང་ནིའི་དོན་ལུ་ ལོ་རེ་ནང་ ཌོག་ཊར་ སློབ་སྦྱོང་འབད་བར་ སློབ་ཕྲུག་༢༠ དང་༢༥ གི་བར་ན་ བཏང་དོ་ཡོདཔ་ད་ ལོ་བསྟར་བཞིན་དུ་ ཨེ་མི་རི་ཀ་ལས་ ཁས་བླངས་པའི་ཌོག་ཊར་༥ དང་༦ འོང་ནི་ཡོད་མི་དང་ མེན་མཱར་རྒྱལ་ཁབ་ལས་ མོ་ནད་མཁས་མཆོག་ ཌོག་ཊར་༡༥ དང་༢༠ ལེན་མི་གིས་ ཌོག་ཊར་ མ་ལང་པའི་དཀའ་ངལ་ བསལ་ཚུགས་ཡི་ཟེར་ གསོ་བའི་བློན་པོ་གིས་བཤད་ཅི།
ལཱ་གཡོག་མ་ཐོབ་པའི་དཀའ་ངལ་གྱི་སྐོར་ལས་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལོ་བསྟར་བཞིན་དུ་ ལཱ་གཡོག་འཚོལ་མིའི་ གྱངས་ཁ་ཡར་སེང་ འགྱོ་དོ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ ལུ་ ལཱ་གཡོག་འཚོལ་མི་༡༧,༠༠༠ ལས་༢༠༡༡ ལུ་༡༧,༧༠༠ ལུ་ ཡར་སེང་སོང་རུང་ སྤྱི་ལོ་༢༠༡༡ ལུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་གྱི་ ཚད་གཞི་དེ་ བརྒྱ་ཆ་༣.༡ གིས་ མར་ཕབ་འབད་ཚུགས་ཅི་ཟེར་ཨིན་པས།
ལཱ་གཡོག་དཀའ་ངལ་གྱི་ ཚད་གཞི་དེ་ སྤྱི་ལོ་༢༠༠༧ ལུ་ བརྒྱ་ཆ་༣.༧ དང་༢༠༠༩ ལུ་བརྒྱ་ཆ་༤ དེ་ལས་ སྤྱི་ལོ་༡༠༡༠ ལུ་བརྒྱ་ཆ་༣.༣ ཡོད་པའི་ཁར་ བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་གོང་འཕེལ་མགྱོགས་དྲགས་འགྱོ་མིའི་གྲས་ལས་ འབྲུག་འདི་ སཱག་རྒྱལ་ཁབ་ནང་ ཨང་དང་པ་ཨིན་པའི་ཁར་ རྒྱལ་སྤྱི་ལས་སྡེའི་ ཞིབ་འཚོལ་སྙན་དང་འཁྲིལཝ་ད་ འཛམ་གླིང་རྒྱལ་ཁབ་ནང་ལས་ ཨང་༥ པའི་གྲངས་སུ་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་མ་ལང་པའི་དཀའ་ངལ་ དབྱེ་ཁག་གཉིས་ལུ་བཟོ་མི་ལས་ ན་གཞོན་ལཱ་གཡོག་མ་ཐོབ་མི་ཚུ་ འདས་པའི་ལོ་༤ དང་ཕྱདཔ་ད་ ལེ་ཤ་གིས་ མར་ཕབ་འབད་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༠༧ ལུ་ ན་གཞོན་ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༩.༧ ཡོད་མི་ལས་ སྤྱི་ལོ་༢༠༡༡ ལུ་ བརྒྱ་ཆ་༩.༢ ལུ་ མར་ཕབ་འབད་ཡོདཔ་ད་ ཨམ་སྲུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ ན་གཞོན་དང་ཕྱདཔ་ད་ ཉུང་སུ་ཡོད་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་གསུངས་མིའི་ནང་ རྒྱལ་ཁབ་ནང་ དབུལ་ཕོངས་ཀྱི་ཚད་གཞི་ བརྒྱ་ཆ་༢༣ ལས་ མར་ཕབ་འབད་ཡོད་རུང་ སྤྱིར་བཏང་གི་ཚད་གཞི་དེ་ གཏན་འཁེལ་མེད་ཟེར་ཨིན་མི་དེ་ཡང་ གཞུང་གི་གནས་ཡུན་མཇུག་བསྡུ་ཞིནམ་ལས་མ་གཏོགས་ ཧ་གོ་མི་ཚུགས་ནི་ཨིན་རུང་ དཀའ་ངལ་བསལ་ནིའི་ཐབས་ལམ་ཚུ་ ལོ་ལྔའི་འཆར་གཞི་བཅུ་པའི་ གྲུབ་འབྲས་བསྐྱར་ཞིབ་སྐབས་ གཞུང་གིས་གསལ་སྟོན་འབད་ཡི་ཟེར་ཨིན་པས།
གོང་འཕེལ་གྱི་ ཕྱག་ལཱ་འགོ་བཙུགས་ཞིནམ་ལས་ ཤེས་རིག་གོང་འཕེལ་ བརྒྱ་ཆ་༩༥ གྲུབ་ཡོདཔ་ད་ གསོ་བའི་ལཱ་ཚུ་ འཐུང་ཆུ་བཀྲམ་སྤེལ་གྱི་ཞབས་ཏོག་ བརྒྱ་ཆ་༩༦ འགྲུལ་འཕྲིན་མོ་བཱའི་གི་ ཞབས་ཏོག་བརྒྱ་ཆ་༡༠༠  གློག་མེའི་ཞབས་ཏོག་ བརྒྱ་ཆ་༧༧  སོ་ནམ་ཞིང་ལམ་གྱི་ཁྱབ་ཚད་ ཀི་ལོ་མི་ཊར་༡,༥༠༠ དེ་ལས་ རྒེག་འོག་༤༩ ནང་ གཞུང་ལམ་སེལ་ཚུགས་ཡོདཔ་མ་ཚད་ ལྷག་ལུས་རྒེད་འགོ་༡༥ ཡོད་མི་ཡང་ འཕྲལ་རང་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བློན་པོ་ དབང་འདུས་ནོར་བུ་གིས་འབད་བ་ཅིན་ གོང་འཕེལ་གྱི་ལཱ་ཚུ་ དབུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་འབད་ཐབས་ལུ་ དམིགས་གཏད་བསྐྱེད་ཡོདཔ་ལས་ དེ་བཟུམ་གྱི་ ལས་སྣ་མེད་པ་ཅིན་ མི་སེར་ཚུ་ཡར་རྒྱས་གཏང་མི་ཚུགས་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment