གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁ་ལུ་ སྤྲོ་བ་བསྐྱེད་རུང་ གོ་སྐབས་ལེགས་ཤོམ་མེད་པའི་ངོས་འཛིན།

༉ མི་མང་ཤོས་ཅིག་གིས་ རྒྱལ་སྤྱིའི་ཁ་སྐད་ ཨིང་ལིཤ་ལུ་ གཙོ་བོར་བཏོན་ནི་དེ་གིས་ གཞུང་སྐད་རྫོང་ཁ་ ཉམས་ནི་མས་ཟེར་ མནོ་བསམ་བཏང་མི་དེ་ མ་བདེན་མི་དེ་ཡང་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སློབ་གྲྭ་ཁག་ཚུ་ནང་ རྫོང་ཁའི་སྐད་ཡིག་གི་སྐོར་ལས་ ཞིབ་འཚོལ་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁ་ལུ་ ངོས་ལེན་ལེགས་ཤོམ་ཡོད་པའི་ གསལ་སྟོན་བྱུང་ནུག།


ལྷན་ཚོགས་ཀྱིས་ རྫོང་ཁའི་སྤུས་ཚད་དང་ སྐད་ཡིག་ལུ་སྤྲོ་བ་ ཡོད་མེད་བལྟ་ནིའི་དོན་ལུ་ རྫོང་ཁ་༢༠ གི་ སློབ་གྲྭ་༧༥ འི་ སློབ་ཕྲུག་ཨ་ལུ་༧,༩༦༧ ལུ་ དབྱེ་ཞིབ་འབད་བའི་སྐབས་ རྫོང་ཁ་ལུ་སྤྲོ་བ་ཡོད་མི་ བརྒྱ་ཆ་༩༡ དང་ སྤྲོ་བ་མེད་མི་ བརྒྱ་ཆ་༩ ལས་བརྒལ་མེདཔ་ཨིན་པས།
རྫོང་ཁག་༢༠ འི་གྲས་ལས་ སྤྲོ་བ་མངམ་སྐྱེད་མི་དེ་ རྩི་རང་རྫོང་ཁག་ནང་ བརྒྱ་ཆ་༩༩ དང་ དེའི་འོག་ལས་ མགར་ས་ལུ་ བརྒྱ་ཆ་༩༨ དེ་ལས་ དམའ་ཤོས་ བསམ་གྲུབ་ལྗོངས་མཁར་ལུ་ བརྒྱ་ཆ་༦༥ ཨིན་པའི་ཁར་ རྫོང་ཁག་གཞན་ཚུ་ནང་ བརྒྱ་ཆ་ དགུ་བཅུ་གོ་གྲངས་ནང་ ཡོད་པའི་ཁར་ སྤ་རོ་ལུ་འབད་བ་ཅིན་ བརྒྱ་ཆ་༨༡ ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ རྫོང་ཁ་ལུ་ སྤྲོ་བ་བསྐྱེད་དགོ་པའི་ གནད་དོན་མ་འདྲཝ་ཚུ་ཡང་ རྒྱལ་ཡོངས་ཀྱི་ ཁ་སྐད་ཨིན་པའི་བསམ་བློ་བཏང་མི་ སློབ་ཕྲུག་༧,༩༦༧ ཡོད་ས་ལས་ སློབ་ཕྲུག་༥,༣༦༦ ཡོདཔ་ད་ རྫོང་ཁ་ཧ་གོཝ་འཇམ་ནི་དེ་གིས་ སྤྲོ་བ་བསྐྱེད་མི་ སློབ་ཕྲུག་༢,༩༩༩ རྒྱལ་ཁབ་ཀྱི་ངོ་རྟགས་ རྫོང་ཁ་འདི་ཨིན་ཟེར་མི་ སློབ་ཕྲུག་༢,༣༡༧ དང་ ལམ་སྲོལ་དང་མི་སྡེ་ལུ་ ཕན་ཐོགས་མི་ཅིག་ཨིན་ཟེར་མི་ སློབ་ཕྲུག་༨༢༤ རང་བཙན་དང་ སྲུང་སྐྱོབ་ཀྱི་མཐའ་དོན་ལུ་ མནོ་བསམ་བཏང་མི་༤༣༤ དེ་ལས་ མཐུན་ལམ་དང་ གཅིག་སྒྲིལ་གྱི་དོན་ལུ་ མནོ་བསམ་བཏང་མི་ སློབ་ཕྲུག་༣༩༠ དེ་ཅིག་གིས་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།
སྙན་ཞུའི་ནང་ བཀོད་མི་དང་འཁྲིལཝ་ད་ སློབ་ཕྲུག་ཡོངས་བསྡོམས་ལས་༡,༡༦༢ དེ་ཅིག་གིས་ ཁོང་རའི་ མིང་ཅིག་ཡང་ ཡིག་སྡེབ་ཚང་མ་ཚུགས་པའི་ཁར་ སློབ་གྲྭའི་མིང་འབྲི་མ་ཤེས་མི་ སློབ་ཕྲུག་༤,༢༧༢ རང་སོའི་ གཡུས་ཀྱི་མིང་ འབྲི་མ་ཤེས་མི་༣,༤༠༦ ཨ་པའི་མིང་ འབྲི་མ་ཤེས་མི་༢,༩༤༣ ཨའི་གི་མིང་ འབྲི་མ་ཤེས་མི་༢,༦༢༩ དེ་ལས་ རང་སོའི་ རྫོང་ཁག་གི་མིང་ འབྲི་མ་ཤེས་མི་༢,༥༤༣ ཡོད་མི་ལུ་བལྟཝ་ད་ ཧ་ལས་སི་སི་ཅིག་ཡང་ ཨིན་མས་ཟེར་ཨིན་པས།
རྫོང་ཁ་ལུ་ སྤྲོ་བ་མ་བསྐྱེད་མི་ གནད་དོན་ངོ་མ་ར་ ལྷབ་སྦྱང་འབད་ནི་ལུ་ ལཱ་ཁག་ཡོད་ནི་དེ་གིས་ ཨིན་རུང་ སྤྱིར་བཏང་ལུ་འབད་བ་ཅིན་ རྫོང་ཁ་ལྷབ་ནིའི་ གོ་སྐབས་ཉུང་སུ་ཅིག་ལས་བརྒལ་མེད་ནི་དེ་གིས་ ཨིནམ་མ་ཚད་ རྫོང་ཁའི་ དཔེ་དེབ་མང་ཤོས་ཅིག་ ཆོས་སྐད་ནང་ཡོད་པའི་ཁར་ རྫོང་ཁ་དང་ཕྱདཔ་ད་ ཆོས་ཚན་གཞན་ལུ་ སྤྲོ་བ་ཡོད་ནི་དེ་གིས་ཨིན་པས།
རྫོང་ཁ་ཡར་རྒྱས་གཏང་དགོ་པ་ཅིན་ འབྲི་ནི་དང་ལྷག་ནི་ དེ་ལས་ བློ་སླབ་ནི་ཚུ་ ག་དེ་མང་མང་ རྒྱ་བསྐྱེད་འབད་ཐོག་ལས་ ཡར་རྒྱས་གཏང་དགོཔ་འདུག་ཟེར་ སླབ་མི་༣,༠༥༢ ཐོན་ཡོདཔ་ད་ དཔེ་དེབ་མངམ་ དགོ་པས་ཟེར་མི་༢,༩༩༡ ཆོས་ཚན་མངམ་དགོ་མི་༢,༦༣༩  སྐུགས་ཚད་དང་ ལས་རིམ་སྣ་ཚོགས་དགོ་མི་༡,༧༦༤ ཆོས་ཚན་དང་ རིག་གཞུང་སློབ་གྲྭ་མངམ་དགོ་མི་༡,༧༥༡ རྫོང་ཁའི་ཤེས་ཡོན་ཡོད་མི་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་ གོ་སྐབས་མངམ་དགོ་མི་༡,༠༩༤ དེ་ལས་ སློབ་དཔོན་ལངམ་དགོ་མི་༧༩༡ ཡོདཔ་ལས་ དེ་ཚུ་ག་ར་ ཚངམ་སྦེ་ལག་ལེན་ཐབས་ཚུགསཔ་བཟོ་དགོཔ་ཡོདཔ་ཨིན་པས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲག་ཤོས་ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ རྫོང་ཁ་སླབ་ནི་དེ་ ཧེ་མ་དང་ཕྱདཔ་ད་ གོང་འཕེལ་སོང་ཡོདཔ་ཨིན་རུང་ འབྲི་ལྷག་ཤེས་ཡོན་ལུ་ཤུགས་བཏོན་མི་མེདཔ་ལས་ སློབ་གྲྭ་ཁག་ཚུ་ནང་ འབྲི་ལྷག་ལེགས་ཤོམ་སྦེ་ར་ ཡར་དྲག་གཏང་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ད་རེས་ རྫོང་ཁའི་འབྲི་ལྷག་ ལེགས་ཤོམ་མེད་མི་དེ་ སློབ་ཁང་ཚུ་ནང་ རྫོང་ཁའི་སློབ་དཔོན་ལངམ་མེདཔ་ལས་ སྤྱིར་བཏང་གི་ སློབ་དཔོན་ཚུ་གིས་འབད་ སློབ་ཕྲུག་ཨ་ལུ་ཚུ་ལུ་ སློབ་སྟོན་འབདཝ་ད་ གཞི་རྟེན་སྒྲིང་སྒྲིང་བཟོ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ དྲུང་ཆེན་གྱིས་ བཤད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment