ཀྲོང་གསར་རྫོང་གི་ཕྱི་ཁར་ མཐོང་གསལ་བྱུང་མི་ ཙན་དན་ཤིང་། |
བུམ་ཐང་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་རང་བཞིན་སློབ་སྦྱོང་ལྟེ་བའི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ འཛམ་གླིང་ནང་ འབྲུག་རྒྱལ་ཁབ་འདི་ ལྷོ་མོན་ཙན་དན་ལྗོངས་ཟེར་ ཡོངས་སུ་གྲགས་པའི་ རྒྱུ་མཚན་ལས་ ཙན་དན་ཤིང་དེ་ སྤྱི་ལོ་༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ ཙན་དན་ཤིང་དེ་ རྒྱལ་ཡོངས་ཀྱི་ཤིང་ཨིན་པའི་ ངོས་འཛིན་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ནང་ལས་ རཱ་བི་ཀ་པར་དཱན་གྱིས་འབད་བ་ཅིན་ མ་གཞི་ ཙན་དན་དེ་ རྒྱ་གར་ལྷོ་ཕྱོགས་ལས་ཐོན་པའི་ ཨིང་སྐད་ནང་འབད་བ་ཅིན་ སེན་ཌཱལ་ འུཌ་ཟེར་མི་དེ་ཨིན་རུང་ འབྲུག་ལུ་ཡོད་པའི་ ཤུག་པའི་ཤིང་རིགས་ལས་ ཤིང་བཟང་ཤོས་ཅིག་མི་ ཤིང་དེ་ལུ་ ཙན་དན་ཟེར་ མིང་བཏགས་མི་དེ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ཤིང་དེ་ རྒྱ་གར་ལྷོ་ཕྱོགས་ལུ་ཡོད་པའི་ ཙན་དན་དང་ ཁྱད་པར་མེདཔ་ལས་ ཙན་དན་ཟེར་ བཏགས་ཡོདཔ་བཟུམ་ཅིག་འདུག་ཟེར་བའི་ བསམ་ཚུལ་བཀོདཔ་ཨིན་པས།
རྒྱ་གར་ལྷོ་ཕྱོགས་ལས་ཐོན་མི་ ཙན་དན་ཤིང་དེ་ལུ་ དཀར་དམར་གྱི་ དབྱེ་བ་ཡོད་དོ་བཟུམ་སྦེ་ འབྲུག་ལུ་ཡོད་མི་ ཙན་དན་དེ་ལུ་ཡང་ དཀར་དམར་གྱི་དབྱེ་བ་ཡོདཔ་མ་ཚད་ དྲི་བཟང་བའི་ཁར་ ལོ་ངོ་མང་རབས་ཅིག་གི་ ཐུབ་ཚད་ཡོད་པའི་ ཤིང་སྒྲིང་ཤོས་ཅིག་ཨིན་པས།
ཙན་དན་ཤིང་ཚུ་ རྒྱ་ཚད་སྦོམ་པའི་ཁར་ རིངམོ་སྦེ་སྐྱེས་དོ་ཡོདཔ་ལས་ ལྷ་ཁང་ཚུ་བཞེངས་པའི་སྐབས་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ མཆོད་བཤམ་དང་ བཟུང་ཤིང་ལ་སོགས་པའི་ ཆོས་ཕྱོགས་དང་འབྲེལ་བའི་ ཤིང་ཆས་ཚུ་ཡང་ ཙན་དན་ཤིང་ལས་ བཟོ་ཚུགས་པ་ཅིན་ རྒྱུ་བཟང་ལས་གྲུབ་པའི་ མཆོད་ཆས་ཅིག་ཨིནམ་སྦེ་ ཆ་བཞགཔ་ཨིན་པས།
དེ་མ་ཚད་ ལྷ་ཁང་དང་ དགོན་སྡེ་ཚུ་གི་ སྦོ་ལོགས་ཁར་ཡོད་པའི་ ཙན་དན་ཤིང་ཚུ་ག་ར་ ལྷ་ཁང་དགོན་སྡེ་དེ་དང་འབྲེལ་བའི་ ལོ་རྒྱུས་ཡོད་མི་ཙང་ཙ་ཨིནམ་ད་ མང་ཤོས་ར་ གདན་ས་བཅགས་མི་ བླམ་ཚུ་གི་ ཕྱག་ཁར་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ལས་ ཙན་དན་ཤིང་ཚུ་ ལམ་སྲོལ་དང་འབྲེལ་བ་ཡོདཔ་ལས་ ཉམས་སྲུང་འབད་ནིའི་ ཐབས་ལམ་བཏོན་དགོཔ་དེ་ཡང་ ག་ནི་བ་ གལ་ཆེ་བས་ཟེར་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་རང་བཞིན་སློབ་སྦྱོང་ལྟེ་བའི་ ཞིབ་འཚོལ་སྙན་ཞུ་ནང་ བཀོད་ནུག།
དེ་མ་ཚད་ གཡུས་སྒོ་ལ་ལུ་ཅིག་ནང་ ཙན་དན་ཤིང་ཚུ་ གནས་བདག་ལ་སོགས་པའི་ ས་གནས་ཀྱི་ ཡུལ་ལྷ་དང་ གཞི་བདག་ཚུ་གི་གནས་ཁང་ཨིན་པའི་ ཡིད་ཆེས་བསྐྱེད་དེ་ གནོདཔ་མ་བཀལ་བར་ བཞག་དོ་ཡོདཔ་ཨིན་པས།
ཨིན་རུང་ ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དད་ཅན་ཚུ་གི་ ཙན་དན་ཤིང་ཚུ་ སྲུངམ་སྦེ་ སྐེ་ལུ་བཏགས་ནིའི་དོན་ལུ་ ཤིང་གི་ཡན་ལག་ཚུ་ བཏོག་འབག་དོ་ཡོདཔ་ལས་ ཉམས་སྐྱོན་ཤོར་བའི་ ལོ་རྒྱུས་ཚུ་ཡང་ཡོདཔ་ལས་ ཉམས་སྲུང་གི་ ཐབས་བྱུས་ཚུ་ བཏོན་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment