ནེ་པཱལ་ལུ་ཡོད་པའི་ ཧི་མ་ལ་ཡཱན་ རཱོག་ཊཱེག་དང་ ཨེགསི་པེ་ཌི་ཤཱན་ ལྟ་བཤལ་ལས་སྡེའི་མདོ་ཆེན་ ར་མ་ནི་གིས་ བརྒྱུད་འཕྲིན་ཐོག་ལས་ དྲི་བཀོད་འབད་བའི་སྐབས་ སླབ་དོ་བཟུམ་འབད་བ་ཅིན་ དཀའ་ངལ་ཐོནམ་ད་ ཁོ་ར་ འབྲུག་ལུ་སྡོད་ཡོདཔ་བཞིན་དུ་ ནེ་པཱལ་ལུ་ ཁོ་རའི་ཡིག་ཚང་ནང་ ལཱ་ཚུ་ འཛིན་སྐྱོང་པ་གིས་འབད་དེ་ སྡོད་ཡོདཔ་ལས་ བྱུང་རྐྱེན་གྱི་སྐོར་ལས་ ཧིང་སངས་ས་སྦེ་ མི་ཤེས་པས་ཟེར་ཨིན་པས།
འཛིན་སྐྱོང་པ་གིས་འབད་བ་ཅིན་ མོ་གིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་བཟོ་བའི་སྐོར་ལས་ ག་ཅི་ཡང་མ་ཤེསཔ་ད་ དེ་སྦེ་ རྫུས་བཟོ་འབད་མི་དེ་ བུ་ཊཱན་ ཝི་ལེཇི་ ལྟ་བཤལ་ལས་སྡེ་ཨིནམ་སྦེ་ སླབ་ཅི་ཟེར་ མདོ་ཆེན་གྱིས་ སླབ་ཨིན་པས།
དེ་དང་འཁྲིལ་ འཛིན་སྐྱོང་འགོ་དཔོན་གྱིས་གཙོས་པའི་ ཁོང་ར་ཆ་ཁྱབ་ བསྟུན་གྲོས་འབད་ནིའི་དོན་ལུ་ བུ་ཊཱན་ ཝི་ལེཇི་གི་ ཇོ་བདག་ཡང་ ནེ་པཱལ་ལུ་ འོང་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ར་མ་ནི་གིས་འབད་བ་ཅིན་ གལ་སྲིད་ འཛོལ་བ་དེ་ ཁོ་གི་ འཛིན་སྐྱོང་པའི་ཧོངས་ལས་འཐོན་པ་ཅིན་ མོ་ལུ་ ཁྲིམས་མཐུན་གྱི་ ངོས་ལེན་འབད་ནི་དང་ གལ་སྲིད་ བུ་ཊཱན་ ཝི་ལེཇི་གི་ཧོངས་ལས་འཐོན་པ་ཅིན་ ཁྲིམས་འདུན་ལུ་ རྩོད་གཞི་བཙུག་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ ལེ་ཤ་ཅིག་གི་རིང་ལུ་ ཁོ་གི་ ལྟ་བཤལ་ལས་སྡེའི་ཐོག་ལས་སྦེ་ འབྲུག་ལུ་ གྲོགས་རམ་ཚུ་འབད་ཡོདཔ་ཨིན་རུང་ ད་རེས་ བུ་ཊཱན་ ཝི་ལེཇི་ལུ་ལྟ་སྟེ་ སེམས་མ་དགའ་ཟེར་ཨིན་པས།
ཧི་མ་ལ་ཡཱན་ རཱོག་ཊཱེག་དང་ ཨེགསི་པེ་ཌི་ཤཱན་ ལྟ་བཤལ་ལས་སྡེ་གིས་ བུ་ཊཱན་ ཝི་ལེཇི་དང་གཅིག་ཁར་ ལཱ་འབད་ནི་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ར་མ་ནི་གིས་ སླབ་མིའི་ནང་ དེ་བཟུམ་མའི་ བྱ་སྟབས་མ་བདེཝ་ཐོན་མི་དེ་ཡང་ གཙོ་བོ་ར་ ཁོ་གིས་ བུ་ཊཱན་ ཝི་ལེཇི་ལུ་ བློ་གཏད་སྦོམ་བསྐྱེད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ དེ་ལུ་བརྟེན་ ཁོ་གི་ ལྟ་བཤལ་ལས་སྡེའི་ མིང་གཏམ་ལུ་ཡང་ གནོད་པ་སྦོམ་ བྱུང་ཡི་ཟེར་ཨིན་པས།
ནང་སྐྱོད་ཆོག་ཐམ་ རྫུས་མ་བཟོ་མིའི་སྐོར་ལས་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ སྤ་རོའི་ ཁྲིམས་སྲུང་འགག་པ་ཚུ་གིས་ དབྱེ་ཞིབ་ཀྱི་དོན་ལུ་ བུ་ཊཱན་ ཝི་ལེཇི་གི་ ཇོ་བདག་ཚུ་ཡང་ དེ་འཕྲོ་ལས་ འབོ་ཡོདཔ་ཨིན་པས།
བུ་ཊཱན་ ཝི་ལེཇི་ ལྟ་བཤལ་ལས་སྡེ་དེ་ སྤུ་ན་ཁ་དང་ སྤ་རོ་ལས་ཨིན་མི་ ཕོ་སྐྱེས་༢ ཀྱིས་སྦེ་ སྤྱི་ལོ་༢༠༠༧ ལུ་ འགོ་བཙུགས་ཡོདཔ་ད་ ནང་སྐྱོད་ཆོག་ཐམ་ རྫུས་མ་བཟོ་བའི་གནད་དོན་དེ་ རྒྱལ་ཁབ་ནང་ ད་རེས་ འགོ་དང་པ་ཨིན་པས།
ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་མི་ ལྟ་བཤལཔ་༣ པོ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ སྤ་རོ་གནམ་ཐང་ནང་ ལྷོད་ཡོདཔ་ད་ དེ་ཡང་ རྒྱ་ནག་ལས་ ཨམ་སྲུ་༢ དང་ སུ་ཡི་ཛ་ལེནཌི་ལས་ ཕོ་སྐྱེས་༡ ཨིནམ་ད་ ཁོང་ཆ་ཁྱབ་ ཉིནམ་༣ རིང་ འབྲུག་ལུ་ ལྟ་སྐོར་འབད་བར་ འོང་ཡོདཔ་ཨིན་པས།
འདས་པའི་དྲི་བཀོད་ཀྱི་སྐབས་ལུ་ བུ་ཊཱན་ ཝི་སིཊ་གི་ཇོ་བདག་གིས་ ལྟ་བཤལ་ལས་སྡེ་དེ་ ནང་སྐྱོད་ཆོག་ཐམ་ རྫུས་མ་བཟོ་མིའི་ནང་ འབྲེལ་བ་མེད་ཟེར་ སླབ་ཡོདཔ་ཨིན།
དེ་བཟུམ་སྦེ་ གནད་དོན་དེ་ལུ་བརྟེན་ བུ་ཊཱན་ ཝི་སིཊ་ལྟ་བཤལ་ལས་སྡེ་ལུ་ ཉེས་བྱ་དངུལ་ཀྲམ་༣༠,༠༠༠ བཀལ་ཡོད་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment