མཐའན་མཇུག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་གིས་ ཉམས་རྒུདཔ་ཨམ་སྲུ་ལུ་ རྒུད་འཐུས་སྤྲོད་བཏུབ་ནུག།
༉ ཐའི་ལེནཌ་གི་རྒྱལ་ས་ བེང་ཀོག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་ཅིག་གིས་ ཁོང་གི་ཁྱིམ་ནང་ གཡོག་ལཱ་འབད་མི་ འབྲུག་པའི་ཨམ་སྲུ་ཅིག་ལུ་ བརྡུང་རྫོབ་དང་ རྩུབ་སྤྱོད་འབད་བའི་ འབྲེལ་གནད་ནང་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ བར་འཛུལ་འབད་མི་ལུ་བརྟེན་ ཉིན་གྲངས་༤༠ གི་ཤུལ་ལས་ ཉམས་རྒུད་པ་དེ་ རྒྱལ་ཁབ་ནང་ ལོག་འོང་ཚུགས་ཡོདཔ་ཨིན་པས།
དེ་ཡང་ ཧཱ་ལས་ སྐྱེས་ལོ་༢༥ ལང་མི་ ཉམས་རྒུད་པ་ཨམ་སྲུ་དེ་ སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པར་ སྦྱིན་བདག་བཟའ་ཚང་གཉིས་ཆ་ར་གིས་ ཐབ་ཚང་ལེགས་ཤོམ་སྦེ་ མ་འཕྱག་པས་ཟེར་ མོ་ལུ་ བརྡུང་རྫོབ་འབད་བའི་ཤུལ་ལུ་ སྤྱི་ཟླ་༤ པའི་ཚེས་༩ ལུ་ འབྲུག་གི་གཞུང་ཚབ་ལས་ཁང་ནང་ རྒྱབ་སྐྱོར་འཚོལ་བར་ སོང་ཞིནམ་ལས་ཚུར་ གཞུང་ཚབ་ལས་ཁང་གིས་ བདག་འཛིན་འཐབ་སྟེ་ བཞག་ཡོདཔ་ལས་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་རྐྱངམ་གཅིག་ རྒྱལ་ཁབ་ནང་ བཏང་ཚུགས་ནུག།
ཕྱི་འབྲེལ་ལྷན་ཁག་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འགོ་ཐོག་སྐབས་ མོ་ལུ་ ལཱ་གཡོག་བཀོལ་མི་ ཏའི་ཝཱན་གྱི་ བཟའ་ཚང་གིས་ མཉམ་འབྲེལ་དང་ ངོས་ལེན་ལེགས་ཤོམ་འབད་མ་བཏུབ་ལས་ མོས་མཐུན་བཟོ་མ་ཚུགས་པར་ ཐོགས་ཏེ་ཡུན་འགྱངས་ལུས་ཡོདཔ་ད་ དེ་ཡང་ ཉམས་རྒུད་པ་གིས་ ཐོབ་བརྗོད་བཀོད་མི་དེ་ བཟའ་ཚང་གིས་ བྱིན་མ་བཏུབ་པས་ཟེར་ཨིན་པས།
ཨིན་རུང་ གཞུང་ཚབ་ལས་ཁང་གིས་ ཐའི་ལེནཌ་གི་ ཁྲིམས་རྩོདཔ་ཅིག་ བཙུགས་ཐོག་ལས་ རྩ་ཕན་གཉིས་ཀྱི་བར་ན་ བློ་སླབ་ནི་ འགོ་བཙུགས་ཡོདཔ་མ་ཚད་ ལས་ཁང་གི་ ཁ་ཐུག་ལས་ དམ་དམ་སྦེ་ ངོས་ལེན་འབད་བའི་ཤུལ་ལུ་ བཟའ་ཚང་དེ་གིས་ ཉམས་རྒུད་པ་དེ་ འབྲུག་ལུ་ ལོག་འོང་ནི་གི་ གནམ་གྲུའི་གླ་ཆ་དང་ སྐྱོད་ཐམ་དུས་རྫོགས་ཀྱི་ཉེས་ཆད་ དེ་ལས་ ཟླ་ངོ་ཕྱེད་དང་༡༡ གི་ གླ་ཆ་མ་སྤྲོད་པར་བཞག་མི་ ག་ར་རྩིས་རྐྱབ་སྟེ་ ཐའི་གི་ཏི་རུ་ བཱཊི་༩༠,༣༠༠ དེ་ཅིག་འབདཝ་ད་ ཡུ་ཨེསི་ཌོ་ལར་༣,༠༠༠ དེ་ཅིག་སྤྲོད་ནུག་ཟེར་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
མ་གཞི་ བདེ་སྒྲིག་བཟོ་ཚུགས་ཚུགས་ལུ་ ཡུན་རིངམོ་སྦེ་ འགོར་ཡོད་རུང་ མཐའན་མཇུག་ལུ་ ཏའི་ཝཱན་གྱི་ བཟའ་ཚང་དེ་གིས་ མཉམ་འབྲེལ་ལེགས་ཤོམ་འབད་ཡི་ཟེར་ གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ད་རེས་ ང་ རྒྱལ་ཁབ་ནང་ ལོག་འོང་ཚུགས་མི་དེ་ བེང་ཀོག་ལུ་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ རྒྱབ་སྐྱོར་དང་ ཆ་རོགས་གང་དྲག་འབད་མི་ལུ་བརྟེན་ཨིནམ་ལས་ ལས་ཁང་གི་ འགོ་དཔོན་ཚུ་དང་ བཟའ་ཚང་ཚུ་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ ད་ལྟོ་ ཧཱ་ལུ་ ཕམ་ཕྱད་པར་སོང་མི་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཉམས་རྒུདཔ་དེ་ སྤྱི་ལོ་༢༠༡༠ ཟླཝ་༡༠ པའི་ཚེས་༡༩ ལུ་ སྤ་རོ་ལུ་བཞུགས་མི་ མཁན་པོ་བསོད་ནམས་ཀྱིས་ བེང་ཀོག་གི་ས་གནས་ ར་ཅཱད་པི་སེག་ལུ་སྡོད་མི་ ཏའི་ཝཱན་གྱི་ བཟའ་ཚང་གི་ཁྱིམ་ནང་ གཡོག་ལཱ་འབད་བར་ བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༨ ཀྱི་དྲོ་པའི་ཆུ་ཚོད་༥ ལུ་ མོ་དང་ འབྲུག་མི་ཆ་རོགས་ཨམ་སྲུ་གཞན་༢ ཁྱིམ་ནང་ དུས་རྒྱུན་གྱི་ ལཱ་འབད་ནི་ འགོ་བཙུགསཔ་ད་ བཟའ་ཚང་དེ་གིས་ ཐབ་ཚང་ཧིང་སངས་ས་སྦེ་ མ་འཕྱག་པས་ཟེར་ ཉོགས་བཤད་བརྡུང་སྟེ་ མོ་ལུ་ ལྡན་ལྕག་གིས་ དྲང་ཡོདཔ་མ་ཚད་ སྦྱིན་བདག་ཨཔ་དེ་གིས་ཡང་ གྱིབ་དམ་ཆུང་ཀུ་ཅིག་འཐུ་སྟེ་ མོ་གི་ མིག་ཏོ་གུ་ བླུགས་བྱིན་པའི་ཤུལ་ལུ་ ཉམས་རྒུདཔ་དེ་ བྱོག་སོང་སྟེ་ ཆ་རོགས་འབད་སར་ སྡོད་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ བཟའ་ཚང་གཉིས་ཀྱིས་ མོ་ལུ་ ཧེ་མ་ཡང་ བརྡུང་རྫོབ་ལན་ཐེངས་ལེ་ཤ་ཅིག་ར་འབད་ཡི་ཟེར་ཨིན་པས།
བྱུང་རྐྱེན་གྱི་ཤུལ་ལས་ སྤྱི་ཟླ་༤པའི་ཚེས་༡༧ ལུ་ འབྲུག་པའི་ཨམ་སྲུ་གཞན་༢ ཡང་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ སྤྱི་ལོ་༢༠༡༠ ཟླཝ་༨ པའི་ཚེས་༡༣ ལས་ཚུར་ བཟའ་ཚང་དང་གཅིག་ཁར་ ལཱ་འབད་མི་ བཀྲིས་གཡང་རྩེ་ལས་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་ལུ་ བཟའ་ཚང་དེ་གིས་ མོ་ རྒྱལ་ཁབ་ནང་ ལོག་འོང་ནིའི་དོན་ལུ་ སྐྱོད་ཐམ་དུས་རྫོགས་ཀྱི་ཉེས་ཆད་ བཱཊ་༢༠,༠༠༠ དང་ གནམ་གྲུའི་གླ་ཆ་ ཌོ་ལར་༤༥༣ སྤྲོད་ཡོད་རུང་ བེང་ཀོག་ལུ་ལྷོད་དེ་ ཉིན་གྲངས་༡༧ ལཱ་འབད་མི་ མོང་སྒར་ལས་ སྐྱེས་ལོ་༢༧ ལང་མི་ ཨ་ལུ་༢ ཀྱི་ཨའི་དེ་ཡང་ འབྲུག་ལུ་ ལོག་བཏང་ཡོདཔ་ད་ མཁན་པོ་བསོད་ནམས་ཀྱིས་ མོ་ལུ་ གནམ་གྲུའི་གླ་ཆ་དང་ ཉིན་གྲངས་༡༧ གྱི་རིང་ལཱ་འབད་བའི་ གླ་ཆ་ཚུ་ སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment