གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ཁ་ཕོག་མི་ ཌོག་ཊར་༣ དགོངས་ཕོག་བཏོན་མ་དགོ་པའི་ཞུ་བ།

ཟླ་༣ པའི་ཚེས་༢༨།
༡༨/༥/༢༠༡༢

༉ འཕྲལ་ཁམས་ཅིག་ཁར་ རྩོད་གཞི་ཕྱེ་ནིའི་དོན་ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཀྱི་འདུན་སར་བསྐྱལ་མི་ སྨན་བཅོས་མཁས་མཆོག་༣ སྔར་ག་ཨིནམ་སྦེ་ སྒྲིག་གཡོག་རྒྱུག་ནིའི་དོན་ལུ་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་མ་གནང་ཟེར་ གསོ་བའི་ལྷན་ཁག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་བའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་ གནས་ཚུལ་ཞལ་འཛོམས་འཚོགས་པའི་ཤུལ་ལུ་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ཀུན་གསལ་ལུ་ གསུངས་མིའི་ནང་ གསོ་བའི་ལྷན་ཁག་གི་ ཁ་ཐུག་ལས་ གཞུང་འབྲེལ་ལྟ་སྐོར་ལུ་སོང་བའི་ ཁ་ཉེས་ཕོག་མི་ ཌོག་ཊར་ཚུ་ ཐ་ན་ སྙན་གསན་ཚུ་གི་སྐབས་ལུ་ཡང་ དགོངས་ཕོག་བཏོན་མ་དགོཔ་ཅིག་གི་ ཐབས་ཤེས་བཏོན་དགོཔ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་འབད་དོ་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ལུ་ གཞི་བཞག་སྟེ་ གསོ་བའི་ལྷན་ཁག་གི་ ཌོག་ཊར་༣ ལུ་ སྤྱི་ལོ་༢༠༠༨ ལོའི་ སྨན་རིགས་མཁོ་སྒྲུབ་ནང་ གཡོ་སྒྱུ་ལག་ལེན་དང་ གསུག་འབུལ་དང་འབྲེལ་བའི་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་བཙུགས་ནུག།
གསོ་བའི་བློན་པོ་བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ ཌོག་ཊར་ཚུ་ ཁོང་ར་གིས་ གྲ་སྒྲིག་འབད་དེ་མིན་པར་ ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ གནང་བ་གྲུབ་མི་དང་བསྟུན་ ལྟ་སྐོར་ལུ་ སོང་ཡོདཔ་མ་ཚད་ རྒྱལ་ཁབ་གཞན་ཚུ་ནང་ཡང་ སྨན་རིགས་མཁོ་སྒྲུབ་ནང་ འབྲེལ་གཏོགས་ཡོད་མི་ཚུ་ སྨན་རིགས་ཀྱི་དབྱེ་གསལ་དང་ སྤུས་ཚད་བལྟ་ནིའི་དོན་ལུ་ ཚོང་སྡེ་ཚུ་ནང་ ལྟ་རྟོག་འབད་བར་ འགྱོ་ནི་དེ་ སྤྱིར་བཏང་གི་ལམ་ལུགས་ཅིག་ཨིན་ཟེར་ཨིན་པས།
ང་བཅས་རའི་ གསོ་བའི་སྨན་ཁང་ནང་ དྲུང་འཚོ་ལངམ་མེདཔ་མ་ཚད་ ཉེས་འཛུགས་ཕོག་མི་ ཌོག་ཊར་ཚུ་ སྨན་བཅོས་མཁས་མཆོག་ཨིནམ་ལས་བརྟེན་ དགོངས་ཕོག་བཏོན་ཐབས་མེད་ལུགས་སྐོར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཡི་གུ་འབྲི་དགོཔ་སྦེ་ ང་གིས་ གསོ་བའི་དྲུང་ཆེན་ལུ་ སླབ་ཅི་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ སྨན་ཁང་ཚུ་ནང་ ཌོག་ཊར་ལངམ་མེད་པའི་ ནམ་དུས་ལུ་ ཆ་རོགས་འབད་འོང་མནོ་བའི་ རེ་བ་ཡོདཔ་བཞིན་དུ་ ཉེས་འཛུགས་ཀྱི་ ཚབས་ཆེ་ཧིང་ ག་དེ་སྦེ་ཡོདཔ་ཨིན་ན་ མ་ཤེསཔ་ཨིན་རུང་ རྒྱལ་ཁབ་གཞན་ཚུ་ནང་ འབད་བ་ཅིན་ དགོངས་ཕོག་བཏོན་ནི་མེདཔ་བཟུམ་ཅིག་ཨིན་ཟེར་ བློན་པོ་བཟང་ལེགས་འབྲུག་པ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཌོག་ཊར་༣ ལུ་ ཉེས་འཛུགས་འབད་མི་དེ་ གཙོ་བོ་ར་ ལྟ་སྐོར་གྱི་སྐོར་ལས་མེན་པར་ བཀྲམ་སྤེལ་བ་ལས་ ནང་གསུག་ལེན་པའི་ དོགས་པ་ཡོད་མི་ལུ་བརྟེན་ཨིན་པས།
ངན་ལྷག་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ལྷན་ཚོགས་ཀྱིས་ ནམ་ར་འབད་རུང་ མཐོང་སྣང་ལུ་ གནད་དོན་ཡོདཔ་སྦེ་ མཐོང་པ་ཅིན་ ཉེས་ཁ་ཕོག་པའི་ མི་ངོ་དེ་ ལས་གཡོག་ལས་ དགོངས་ཕོག་གཏང་ནི་དང་ ཡང་ཅིན་ ཁོ་གི་ ཚོང་ལས་བཀག་ཆ་འབད་དགོཔ་ད་ གལ་སྲིད་ རྩོད་གཞི་དེ་ ཉེས་ཁ་ཕོག་མི་ལུ་ བཙུགས་ཏེ་ཡོད་པ་ཅིན་ ཁོ་ར་ རྩོད་བཤེར་མཇུག་མ་བསྡུ་ཚུན་ དགོངས་ཕོག་བཏོན་ནི་དང་ ཡང་ཅིན་ ཁོ་གི་ ཚོང་ལས་བཀག་ཆ་འབད་དགོཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ ཁ་ཉེས་ཕོག་མི་ ཌོག་ཊར་གསུམ་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཅིག་གིས་ ཟད་འགྲོ་བཏང་ཐོག་ལས་ སྨན་གྱི་དོན་ལུ་མིན་པའི་ མཁོ་ཆས་བརྟག་དཔྱད་འབད་བར་ ཇར་མ་ནི་དང་ རྒྱ་ནག་ལུ་ སོང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment