ཏཱ་ར་ཡ་ནའི་ ཞལ་འཛོམས་ཁང་ནང་ ཚོད་བསྲེའི་གནད་དོན་དང་འབྲལ་བའི་ གསུང་གྲོས་གནང་པའི་བསྒང་། |
༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་གཙོས་པའི་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་རྩིས་ལྷན་ཁག་ དེ་ལས་ སོ་ནམ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ རྫོང་ཁག་༢༠ འི་ནང་གི་ ཚོད་བསྲེ་ཚོང་པ་ཚུ་དང་གཅིག་ཁར་ གྲོས་བསྡུར་ཞལ་འཛོམས་ཅིག་འཚོགས་པའི་སྐབས་ ཚོང་པ་ལ་ལུ་ཅིག་གིས་ ནང་འཁོད་ལས་ ཐོན་ནི་མེད་པའི་ ཚོད་བསྲེ་ཚུ་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་མེན་པར་ ཁོང་ར་གིས་ ནང་འདྲེན་འབད་ཐབས་ཡོད་པ་ཅིན་ཟེར་བའི་ གསལ་ཞུ་འབད་ཡི།
ཨིན་རུང་ གཞུང་གི་ཁ་ཐུག་ལས་འབད་བ་ཅིན་ ནང་འཁོད་ལས་ ཐོན་ནི་མེད་པའི་ཚོད་བསྲེའི་རིགས་ཚུ་ ནང་འདྲེན་འཐབ་ནི་དེ་ སྤྱི་སྙོམས་ཀྱི་དོན་ལུ་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ར་ ལག་ལེན་འཐབ་པ་ཅིན་ བྱ་སྟབས་བདེ་འོང་ཟེར་ཨིན་པས།
ཞལ་འཛོམས་དེ་ གཙོ་བོ་ར་ གཡུས་ཁའི་སོ་ནམ་པ་ཚུ་གིས་ ཚོད་བསྲེ་འཛུགས་སྐྱོང་འཐབ་སྟེ་འབད་རུང་ ཚོད་བསྲེ་ཚོང་པ་ཚུ་གིས་ ནང་འཁོད་ལས་ མ་ཉོ་བར་ ནང་འདྲེན་ལུ་ར་ ཤུགས་བཏོན་སྡོད་མི་ཚུ་ ད་རས་ཕར་ བསྒྱུར་བཅོས་འབད་ཐོག་ལས་ ནང་འཁོད་ཀྱི་ཚོད་བསྲེ་ཚོང་འབྲེལ་གོང་འཕེལ་ཏང་ཐབས་ལུ་ཨིན་པས།
བློན་ཆེན་གྱིས་གསུངས་མིའི་ནང་ ཟ་སྤྱོད་ལས་འཛིན་ལུ་ ནང་འདྲེན་འབད་བཅུག་དགོ་མི་དེ་ ཚོང་པ་ཚུ་དང་ དོ་འགྲན་འབད་བཅུག་ནི་མེན་པར་ ཚོང་པ་ཚུ་ལུ་ ཁེ་སང་མེདཔ་སྦེ་ ཚོད་བསྲེ་ཚུ་སྐྱེལ་བྱིན་ནི་རྐྱངམ་གཅིག་ཨིན་ཟེར་གསུངས་ཡི།
ནང་འདྲེན་ཚུ་རང་གིས་ འཐབ་ནི་ཟེར་མི་དེ་ རུ་པི་ལེན་ཞིནམ་ལས་ ཟུར་ལམ་འཚོལ་ཏེ་ ནང་འདྲེན་འཕྲོ་མཐུད་ནི་གི་ འཆར་གཞི་ཨིན་མས་ཟེར་ བློན་ཆེན་གྱིས་གསུངས་པའི་ཁར་ ཚོང་པ་ཚུ་གིས་ དེ་བཟུམ་མའི་ མནོ་ལུགས་དེ་ ང་བཅས་རའི་ མི་སྡེ་ཆུང་ཀུའི་ནང་ ལེགས་ཤོམ་མེན་པས་ ཟེར་གསུངས་ཡི།
སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་འབད་བ་ཅིན་ སོ་ནམ་ཞིང་པ་ཚུ་ལུ་ ཚོད་བསྲེ་འཛུགས་སྐྱོང་འཐབ་བཅུག་ཞིནམ་ལས་ གཞུང་གིས་ དེ་དང་འབྲེལ་བའི་ ཚོང་འབྲེལ་གོང་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་ཚུ་འབད་ཞིནམ་ལས་ ཚོང་འབྲེལ་འཐབ་པ་ཅིན་ འབྲུག་གི་མ་དངུལ་དེ་ ཕྱི་ཁར་འགྱོ་མ་དགོ་པར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་སྦོམ་ར་ ཐོགས་ཚུགས་ནི་མས་ཟེར་གསུངས་ཡི།
སོ་ནམ་འགོ་དཔོན་ཅིག་གིས་ གསལ་བཤད་འབད་མིའི་ནང་ ནང་འཁོད་ཚོད་བསྲེ་ ཐོན་སྐྱེད་གོང་འཕེལ་དང་ བཀྲམ་སྤེལ་གྱི་དོན་ལུ་ གཞུང་ལས་རྒྱབ་སྐྱོར་ཐོག་ལུ་ འཆར་དངུལ་ དངུལ་བཀྲམ་ས་ཡ་༣ ལྷགཔ་ཅིག་ བཞག་སྟེ་ཡོད་ཟེར་ཨིན་པས།
བུམ་ཐང་གི་ཚོང་པ་ སངས་རྒྱས་ཕུན་ཚོགས་ཀྱིས་ གསལ་ཞུ་འབད་མིའི་ནང་ ང་བཅས་རའི་ རྒྱལ་ཁབ་ནང་ ཐོན་སྐྱེད་ཚུ་ རང་གིས་འབད་ནིའི་དུས་ཚོད་དེ་ ན་འཐན་ར་ རན་མཆིས་ཡི་ཟེར་ཨིནམ་ད་ འབྲུག་མི་ཚུ་གིས་ ན་ཧིང་གི་ལོ་ལུ་ ཀེ་བ་རྒྱ་གར་ལུ་བཙོངམ་ད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༨ རེ་སྦེ་བཙོང་ཡོདཔ་ད་ དུས་ཅི་ རྒྱ་གར་ལས་ ནང་འདྲེན་འབདཝ་ད་ དངུལ་ཀྲམ་༡༨ རེ་སྦེ་ ལེན་དོ་ཡོདཔ་ལས་ དེ་གིས་ མི་སེར་ལུ་ བརྡབ་གསིག་གི་ གཞི་གནས་ཅིག་ལུ་ གྱུརཝ་མས་ཟེར་ཨིན་པས།
སོ་ནམ་ཞིང་པའི་ཚོགས་པ་ཚུ་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ ཐོན་སྐྱེད་འབད་བ་ཅིན་ ཁོང་གི་དེ་ཁ་ལས་ར་ ལེན་ནི་ཨིན་ཟེར་ཨིནམ་ད་ བུམ་ཐང་ལུ་ གནམ་བྱཱར་འབད་བ་ཅིན་ ཚོད་བསྲེ་ལངམ་སྦེ་ཐོནམ་ཨིན་རུང་ གནམ་དགུན་ལུ་ ས་ཁ་བསིལ་དྲགས་ནི་དེ་གིས་ དུམ་གྲ་ཅིག་ དཀའ་ངལ་འཐོན་ནི་ཨིན་རུང་ གལ་སྲིད་ ལྷོ་མཚམས་ཀྱི་ས་གནས་ལས་ ཐོན་སྐྱེད་འབད་མི་ཡོད་པ་ཅིན་ འདི་ཚུ་ལེན་ཐོག་ལས་ ལག་ལེན་འཐབ་ནི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བློན་ཆེན་མཆོག་གིས་ ཚོང་པ་ཚུ་ལུ་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་རང་དབང་དེ་ སྲིད་འབྲེལ་ནང་ རྒྱལ་ཁབ་ཚུ་དང་ མཐུན་ལམ་བཞག་དགོཔ་ཨིནམ་བཞིན་དུ་ དེ་ཚུ་ ཁྱིམ་ཚང་རྒྱལ་ཁབ་ཀྱིས་མ་ཚད་ རྒྱལ་ཁབ་གཞན་དང་གཅིག་ཁར་ཡང་ མཐུན་ལམ་ལེགས་ཤོམ་ཡོདཔ་ལས་ ཉེན་ཁ་མེད་དེ་འབད་རུང་ རང་དབང་རང་བཙན་དེ་ དཔལ་འབྱོར་ལུ་ རག་ལས་ནི་ཨིནམ་ལས་ ང་བཅས་ཀྱིས་ དཔལ་འབྱོར་རང་མགོ་རང་འདྲོངས་བཟོ་ནིའི་ནང་ འཐུས་ཤོར་སོ་པ་ཅིན་དེ་གིས་ རྒྱལ་ཁབ་ཀྱི་རང་དབང་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ སེམས་ཁར་བཞག་དགོཔ་གལ་ཆེ་ ཟེར་གསུངས་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment