གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཀྱི་ ཚོད་བསྲེའི་ཐོན་སྐྱེད་ལོག་ལྟབ་ཡར་སེང་རྐྱབ་ནིའི་འཆར་གཞི།



ཟླ་༣ པའི་ཚེས་༢༨།

༡༨/༥/༢༠༡༢

ནང་འཁོད་ཀྱི་ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་མས།
༉ རྒྱལ་སྤྱི་གནས་ཚད་ཀྱི་དགོས་མཁོ་ མི་རེ་རེ་གིས་ ཉིན་བསྟར་བཞིན་དུ་ ཚོད་བསྲེ་ག་རམ་༢༠༠ འགྲུབ་ནིའི་དོན་ལུ་ འབྲུག་གིས་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་གི་ཚབ་ལུ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ ལོག་ལྟབ་ཡར་སེང་ཐོག་ མཁོ་སྤྲོད་འབད་ཚུགསཔ་ བཟོ་དགོ་ནི་ཨིན་པས།


ད་ལྟོ་ ལོ་༡ ནང་ ནང་འཁོད་ཀྱི་ ཚོད་བསྲེ་མེ་ཊིག་ཊཱོན་༣༠,༥༩༥ ཐོན་སྐྱེད་འབད་མི་གིས་ མཁོ་འདོད་འགྲུབ་ཐབས་ལུ་ འབྲུག་གིས་ ད་རུང་ ཚོད་བསྲེ་ཐེབས་མེ་ཊིག་ཊཱོན་༢༣,༨༥༠ ཐོན་སྐྱེད་འབད་དགོ་ནི་ཨིན་པས།
ད་རེས་ནངས་པ་ འབྲུག་མི་དང་ རྒྱལ་ཁབ་ནང་སྡོད་མི་ ཕྱི་མི་ཚུ་གིས་ ལོ་རེའི་ནང་ ཚོད་བསྲེ་མེ་ཊིག་ཊཱོན་༥༤,༤༥༥ དེ་ཅིག་ བཟའ་སྤྱོད་འབད་དོ་ཡོད་མི་དེ་ སྣུམ་འཁོར་ཊཱག་དོས་༥,༥༠༠ དེ་ཅིག་གི་རྩིས་ཨིན་པའི་ཁར་ མི་༡ གིས་ ཟླཝ་རེ་ནང་ ཚོད་བསྲེ་ཀེ་ཇི་༦.༥ དེ་ཅིག་འབདཝ་ད་ ལོ་༡ ནང་ ཀེ་ཇི་༧༨ དེ་རེ་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་གིས་ ཤུལ་མའི་ལོ་༢ ཀྱི་ ནང་འཁོད་ནང་ ཚོད་བསྲེ་ཐེབས་མེ་ཊིག་ཊཱོན་༢༣,༨༥༠ ཐོན་སྐྱེད་འབད་ནིའི་དོན་ལུ་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོདཔ་ཨིན་པས།
ད་ལྟོ་ སྤྱི་ལོ་༢༠༡༤ གི་ ནང་འཁོད་ནང་ ཚོད་བསྲེའི་ཐོན་སྐྱེད་དང་ ཚོང་འབྲེལ་གྱི་དོན་ལུ་ མ་དངུལ་དངུལ་ཀྲམ་ས་ཡ་༦༣.༨༢ གྲོས་འཆར་བཀོད་ཡོད་མི་དེ་ ཤུལ་མའི་ལོ་༢ ནང་ མཁོ་འདོད་འགྲུབ་ནིའི་དོན་ལུ་ཨིན་ཟེར་ སོ་ནམ་ལྷན་ཁག་ ལྡུམ་ར་སྡེ་ཚན་ནང་ལས་ རྒྱལ་ཡོངས་ཚོད་བསྲེ་མཉམ་འབྲེལ་བ་ རྣམ་རྒྱལ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
དེ་ཡང་ གཞུང་གིས་ ཐོན་སྐྱེད་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤.༣ གནས་པའི་ ཚོད་བསྲེའི་སོན་ མཁོ་སྒྲུབ་འབད་ཞིནམ་ལས་ ནང་འཁོད་ཀྱི་ བཟའ་སྤྱོད་དང་ ཚོང་འབྲེལ་གྱི་ ཐོན་སྐྱེད་༢ ཆ་རའི་དོན་ལུ་ བཀྲམ་སྤེལ་འབད་ནི་ཨིན་པས།
ལྡུམ་ར་རིག་པའི་གཙོ་འཛིན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ དཀའ་ངལ་ཚུ་ དེ་འཕྲོ་ལས་ བསལ་ཐབས་ལུ་ སོ་ནམ་པ་ཁོང་རའི་ དགོས་མཁོ་དང་བསྟུན་ སོན་དང་ལྕངམ་ཚུ་ རིན་གོང་བགོ་ཐོག་ལས་ བཀྲམ་སྤེལ་འབད་བཞིན་དུ་ཡོདཔ་ད་ ད་ལྟོ་ རྫོང་ཁག་༦ ནང་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ཨིན་པས།
ད་ལྟོ་ ས་ཁ་མཐོ་ས་དང་ ཚ་དྲོད་ལྡན་ས་ཚུ་ནང་ ཚོད་བསྲེ་འཛུགས་སྐྱོང་གི་དོན་ལུ་ རིན་གོང་བགོ་བཤའི་ཐོག་ གི་རིན་ཧའུསི་༢༡༦ གྲོས་འཆར་བཀོད་ཡོདཔ་ད་ ལྷོ་མཚམས་ལུ་འབད་བ་ཅིན་ གྲོགས་རམ་དེ་ ཆུ་གཡུར་དང་ འཛུགས་སྐྱོང་དང་འབྲེལ་བའི་ ཆུ་འཐེན་འཕྲུལ་ཆས་ སིན་ཊེགསི་ཆུ་མཛོད་ དེ་ལས་ ཆུ་དུང་ལ་སོགས་པ་ཚུ་ རིན་གོང་བགོ་བཤའི་ཐོག་ལུ་ བྱིན་ནི་ཨིན་པས།
རྣམ་རྒྱལ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ས་སྟོང་ལུས་མི་དང་ བཟའ་སྤྱོད་མ་འབད་བར་བཞག་མི་ ལྷན་ཁག་དང་ གྲྭ་ཚང་གི་ ས་ཆ་ཚུ་ནང་ ཚོད་བསྲེ་བཙུག་ནི་གི་ འཆར་གཞི་ཡང་ ཡོད་ཟེར་ཨིན་པས།
ས་ཞིང་གི་ དགོས་མཁོ་མངམ་ཡོད་པ་ཅིན་ ནགས་ཚལ་གྱི་ ས་ཆ་ཚུ་ ལག་ལེན་འཐབ་ནིའི་ གྲོས་འཆར་ཡང་ཡོདཔ་མ་ཚད་ རྒྱ་སྦོམ་སྦེ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ ཚོད་བསྲེ་ལྷམ་པ་༡༥ དེ་ཅིག་གི་ སོན་ནང་འདྲེན་འབད་ནིའི་དོན་ལུ་ སྒོ་ཡངས་དྲགས་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ཐིམ་ཕུ་བརྒྱ་འཁོར་ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་མང་ཤོས་ར་ ཐིམ་ཕུ་དང་ སྤུ་ན་ཁ་ དབང་འདུས་ཕོ་ཕྲང་ སྤ་རོ་ རྩི་རང་རྫོང་ཁག་ཚུ་ནང་ལས་ འབག་འོང་དོ་ཡོདཔ་ཨིན་རུང་ ལས་རིམ་ཚུལ་ལྡན་སྦེ་ འགོ་འདྲེན་འཐབ་ནི་མེདཔ་ལས་ གཞུང་ལུ་ གདོང་ལེན་འབད་དགོཔ་ ལེ་ཤ་ཡོད་ཟེར་ སོ་ནམ་བློན་པོ་ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤདཔ་མ་ཚད་ ད་ལྟོ་ ཚོད་བསྲེ་ཚུ་ཡང་ རང་བཞིན་གྱི་ ཐོན་སྐྱེད་མེན་པར་ འགོ་ཐོག་གི་ ལོ་༢ ནང་ ཐོན་སྐྱེད་རྒྱ་སྦོམ་སྦེ་ བཏོན་ཚུགས་ནིའི་དོན་ལུ་ སོ་ནམ་པ་ཚུ་གིས་ ཚད་དང་ལྡན་པའི་ འབུབ་སྨན་གཏོར་ཆོག་ཟེར་ བཤདཔ་ཨིན་པས།
གཞུང་གི་ འཆར་གཞི་དེ་ ད་རེས་ནངས་པ་ དུས་རྒྱུན་དུ་ བཟའ་སྤྱོད་འབད་མི་ ཚོད་བསྲེ་ཚུ་ རང་མགོ་རང་འདྲོངས་བཟོ་ནི་ལུ་ དམིགས་གཏད་འབད་དོ་ཟེར་ སོ་ནམ་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment