གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོང་ཁང་གསརཔརྐྱབ་མི་གིས་ མི་སེར་ཚུ་ལུ་ ཕན་ཐོགས།

ལྕགས་སི་མཁར་ ཟ་ལ་ཕང་མ་ལུ་ ཚོང་འབྲེལ་གྱི་ བཙོང་ཁང་གསརཔ།


༉ ཨ་ལུ་ཅིག་གི་ཨའི་ཨིན་མི་ སྐྱེས་ལོ་༣༥ ལང་མི་ སོ་ནམ་པ་ མཚོ་སྐྱིད་ཀྱིས་ དུས་ཅི་ལས་ སོ་ནམ་ཐོན་སྐྱེད་གེ་ཟ་དང་ ཀེ་བ་ཚུ་ ཧེ་མའི་ལོ་ཚུ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ཚུགས་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ བྱ་སྟབས་བདེ་ནི་ཨིན་པས།



དེ་ཡང་ ལྕགས་སི་མཁར་རྒེད་འོག་ནང་ སོ་ནམ་ཐོན་སྐྱེད་ཚུ་ཡར་དྲག་གཏང་ཐབས་དང་ ཚོང་འབྲེལ་འཐབ་ནི་ལུ་ བྱ་སྟབས་བདེ་ཐབས་ལུ་ རྒེད་འོག་དེ་ནང་ སོ་ནམ་གོང་འཕེལ་ཚོགས་པ་གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཚོགས་པ་དེ་ནང་ འཐུས་མི་ཨམ་སྲུ་༩ ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཨིན་མི་ མཚོ་སྐྱིད་ཀྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་སྟེ་དངུལ་གྱི་འོང་འབབ་བཟོ་ནི་ལུ་ བྱ་སྟབས་མ་བདེཝ་དེ་ གཙོ་བོ་ར་ཚོང་འབྲེལ་འཐབ་སའི་ ས་ཁོངས་མེད་མི་ལུ་བརྟེན་ཏེ་ཨིན་རུང་ ཨམ་སྲུའི་ཚོགས་པ་ཅིག་གཞི་བཙུགས་འབད་ཐོག་ལས་ ཚོང་འབྲེལ་འཐབ་ཚུགས་ཐབས་བཟོ་མི་གིས་ སྟབས་བདེ་ནི་མས་ཟེར་ཨིན་པས།
སོ་ནམ་ཐོན་སྐྱེད་ཚུ་བཙོང་སའི་ས་ཁོངས་དེ་ཡང་ ཡ་ལྡི་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ ཟ་ལ་ཕང་མ་ཟེར་ས་ གཞུང་གིས་ ཁོང་ཚོགས་པའི་དོན་ལུ་ གཞུང་ལམ་གྱི་ཟུར་ཁ་ ས་ཁྱིམ་གྱི་བཙོང་ཁང་ཅིག་རྐྱབས་ཏེ་ཡོདཔ་ལས་ འཐུས་མི་ཚུ་གིས་ རང་སོའི་ཐོན་སྐྱེད་ཚུ་ དེ་ནང་ལས་བཙོང་ཚུགས་ནི་ཨིན་པས།
སོ་ནམ་ཐོན་སྐྱེད་གཙོ་བོ་ར་ ཀེ་བའི་ཁ་ཟས་དང་ གེ་ཟའི་སིབ་ བྱཱ་སིབ་ དེ་ལས་ དཀརཔ་ཕྱེ་ལ་སོགས་པའི་ གྲོང་གསེབ་ནང་ལས་ཐོན་མིའི་ཐོན་སྐྱེད་ཚུ་ བཙོང་སའི་ས་ཁོངས་ཡོད་ནི་དེ་གིས་ བྱ་སྟབས་བདེ་ནི་མས་ཟེར་ ཚོགས་པའི་འཐུས་མི་ ཨམ་ཚེ་དབང་ལྷམོ་གིས་སླབ་ཨིན་པས།
མོ་གིས་སླབ་མིའི་ནང་ གྲོང་གསེབ་ཚུ་ནང་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ཚུགསཔ་བཟོ་དགོ་པ་ཅིན་ དང་པ་ར་ གྲོང་གསེབ་ཀྱི་ ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་སའི་ས་ཁོངས་ཅིག་ ངེས་པར་དུ་དགོཔ་ཡོད་མི་དང་བསྟུན་ དུས་ཅི་ལས་ ཚོགས་པ་གཞི་བཙུགས་འབད་དེ་ སོ་ནམ་ཐོན་སྐྱེད་ཚུ་ ས་ཁོངས་དེ་ནང་བཙོང་ཚུགས་ནི་ཨིནམ་ལས་ འདས་པའི་ལོའི་དཀའ་ངལ་ཚུ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
རྒེད་འོག་ནང་ སོ་ནམ་གོང་འཕེལ་ཚོགས་པ་གཞི་བཙུགས་འབད་དེ་ ཟླཝ་༢ ལྷགཔ་ཅིག་སོང་ཡོདཔ་ད་ མོ་གི་བསམ་འཆར་ལས་འབད་བ་ཅིན་ ཀེ་བ་ཚུ་ ཁ་ཟས་བཟོ་སྟེ་བཙོང་ཚུགས་པ་ཅིན་ ཁེ་སང་སྦོམ་བཟོ་ཚུགས་ནི་ཨིན་མི་དེ་ཡང་ འདས་པའི་ཟླཝ་ནང་ མོ་གིས་ ཀེ་བའི་ཁ་ཟས་བཟོ་སྟེ་ དངུལ་གྱི་འོང་འབབ་བཟོ་ཚུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ སོ་ནམ་ཐོན་སྐྱེད་ཚུ་ མོང་སྒར་ཁྲོམ་ཁར་བཙོང་པར་འགྱོ་བ་ཅིན་ འགྲུལ་བསྐྱོད་ཀྱི་ཟད་འགྲོ་ཐེབས་གནས་དོ་ཡོདཔ་ལས་ ད་ལས་ཕར་ འདི་བཟུམ་གྱི་དཀའ་སྡུག་མྱོང་མ་དགོ་པར་ ས་གནས་དེ་ཁ་ལས་ར་ ཚོང་འབྲེལ་འཐབ་ཚུགས་ནི་ཨིནམ་ལས་ འཚོ་བའི་གནས་སྟངས་དེ་ ཡར་དྲག་གཏང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སོ་ནམ་ཚོགས་པའི་ཁྲི་འཛིན་ བསོད་ནམས་སྒྲོལ་མ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ སོ་ནམ་གོང་འཕེལ་ཚོགས་པ་ གཞི་བཙུགས་འབད་དགོ་མི་དེ་ཡང་ གྲོང་གསེབ་ཚུ་ནང་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ སོ་ནམ་པ་ཚུ་ སེམས་ཤུགས་སྐྱེད་དགོཔ་ཡོདཔ་ལས་ ས་ཞིང་ནང་ལས་ ལོ་ཐོག་བསྡུ་གསོག་འབད་ནི་གིས་མ་ཚད་པར་ ཚོང་ལམ་དགོཔ་དེ་ཡང་ གལ་ཆེཝ་ལས་ དེ་ཚུ་ལུ་གཙོ་བོར་བཏོན་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་བཟུམ་གྱི་ ཚོང་བཙོང་སའི་ས་ཁོངས་ཅིག་མེད་པ་ཅིན་ གྲོང་གསེབ་ཚུ་ནང་ སོ་ནམ་ཐོན་སྐྱེད་ག་ཅིག་ར་འབད་རུང་ ཁྲོམ་ཉེ་འདབས་ལུ་མེདཔ་ལས་ དཀའ་ངལ་གྱི་གཞི་གནས་ཅིག་ ཨིན་མས་ཟེར་ཨིན་པས།
ས་གནས་ ཟ་ལ་ཕང་མ་ལུ་གསར་སྒྲུབ་འབད་མི་དེ་གིས་ མོང་སྒར་དང་ བཀྲིས་བསྒང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ བཀྲིས་གཡང་རྩེའི་རྫོང་ཁག་ཚུ་ནང་ འགྲོ་འགྲུལ་འབད་མི་ཚུ་ ཚོང་མགྲོན་པ་གཙོ་བོ་ཅིག་ཨིནམ་ད་ བཙོང་ཁང་བཟོ་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སྟེ་ དངུལ་ཀྲམ་༡༠༠༠༠ དེ་ཅིག་ བཟོ་ཚུགས་ཡོདཔ་ཨིན་པས།
སོ་ནམ་གོང་འཕེལ་ཚོགས་པ་དེ་ ཡུན་བརྟན་གནས་ཐབས་དང་ གྲོང་གསེབ་སོ་ནམ་པ་ཚུ་ ཡར་དྲག་གཏང་ཐབས་ལུ་ ད་རེས་ནངས་པར་ འཐུས་མི་༨ འབད་མིའི་ཨམ་སྲུའི་ཚོགས་པ་དེ་ལུ་ ཀེ་བའི་ཁ་ཟས་བཟོ་ནིའི་འཕྲུལ་ཆས་རེ་ཡོདཔ་མ་ཚད་ ད་ལས་ཕར་ ཟླ་རིམ་བཞིན་དུ་ ཚོགས་པའི་མ་དངུལ་བཟོ་ཐབས་ལུ་ དངུལ་ཀྲམ་༣༠༠༠ རེ་ བསྡུ་ལེན་འབད་དེ་ དངུལ་ཁང་ནང་གསོག་འཇོག་འབད་ནིའི་འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment