༉ འབྲུག་མི་མཁས་དབང་ཚུ་གི་གྲས་ལས་ གཅིག་ཨིན་པའི་ཁར་ ཨིང་ལེནཌི་ ཀེམ་བི་རེཇི་ གཙུག་ལག་སློབ་སྡེའི་ ཞིབ་འཚོལ་མཁས་མཆོག་ཅིག་ཨིན་མི་ ཌོག་ཊར་ ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ འབྲུག་ལུ་ ཁ་སྐད་མ་འདྲཝ་བསྡོམས་༢༣ ཡོད་པའི་གྲས་ལས་༡༦ འབྲུག་ནང་འཁོད་ཀྱི་ ཁ་སྐད་ངོ་མ་ཨིན་ཟེར་ བཤདཔ་ཨིན་པས།
གློག་རིག་ཡོངས་འབྲེལ་གྱི་ འཛམ་གླིང་ཁ་སྐད་ཐོ་གཞུང་ནང་འབད་བ་ཅིན་ འབྲུག་ལུ་ ཁ་སླབ་སྲོལ་ཡོད་པའི་ ཁ་སྐད་༢༥ ཡོདཔ་སྦེ་བཀོད་རུང་ འབྲུག་གི་རྫོང་ཁ་དང་ སྐད་ཡིག་གཞན་གྱི་ཐོག་ལུ་ ཞིབ་འཚོལ་ ལོ་ངོ་མང་རབས་ཅིག་འབད་ཡོད་པའི་ཁར་ ཁ་སྐད་མཁས་མཆོག་ཅིག་ཨིན་མི་ ཇོརཇི་ ཝེན་ཌི་རིམ་གྱིས་འབད་བ་ཅིན་ ཁ་སྐད་མ་འདྲཝ་༡༩ ཡོདཔ་སྦེ་ གསལ་བཀོད་འབད་ནུག།
ཌོག་ཊར་ ཀརྨ་ཕུན་ཚོགས་ཀྱིས་འབད་བ་ཅིན་ གློག་རིག་ཡོངས་འབྲེལ་ཐོག་གི་ ཁ་སྐད་ལ་ལུ་ཅིག་ ཡོད་མེད་གཏན་འཁེལ་སྦེ་ མ་ཤེསཔ་མ་ཚད་ ཁ་སྐད་ལ་ལུ་ཅིག་ ཡན་ལག་ཨིན་པའི་ ངོས་འཛིན་བྱུངམ་ལས་ ཇོརཇི་ ཝེན་ཌི་རིམ་གྱིས་ ཐོ་བཀོད་འབད་མི་དེ་ ཆ་མཚུངས་ཡོད་པའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁ་སྐད་ངོ་མ་དང་ ཡན་ལག་ཁ་སྐད་ཀྱི་བར་ནའི་ཁྱད་པར་དེ་ ཕན་ཚུན་བརྡ་དོན་དང་ སྡེབ་སྦྱོར་ བརྡ་གཞུང་ དེ་ལས་ ཚིག་གི་སྦྱོར་བ་དང་ བརྗོད་སྒྲའི་ཁྱད་པར་ཚུ་ཡོད་དེ་འབད་བ་ཅིན་ ཁ་སྐད་ངོ་མ་ཨིནམ་ད་ གལ་སྲིད་ བརྗོད་སྒྲའི་ཁྱད་པར་ དུམ་གྲ་རེ་མ་གཏོགས་ ཚིག་སྦྱོར་དང་ བརྡ་དོན་སྡེབ་སྦྱོར་གྱི་ ཁྱད་པར་མེདཔ་འདྲཝ་ཅིག་འབད་བ་ཅིན་ སྐད་ཡིག་གཉིས་ལས་ གཅིག་ཡན་ལག་གི་གྲངས་སུ་ཚུདཔ་ཨིན་ཟེར་བཤད་ཅི།
ཁ་སྐད་གཉིས་ཀྱི་གྲས་ལས་ ཡན་ལག་ནང་ཚུད་ཐངས་དེ་ཡང་ དཔེ་འབད་བ་ཅིན་ བུམ་ཐང་པའི་ཁ་ཤེས་མི་ཅིག་གིས་ བུམ་ཐང་སྟང་གཡུས་ཚན་གྱི་ཁ་དེ་ ལྷབ་མ་དགོ་པར་ཤེས་མི་ལུ་ གཡུས་དེ་ནང་གི་ཁ་སྐད་དེ་ ཡན་ལག་གི་གྲངས་སུ་ཚུདཔ་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཨིན་རུང་ བུམ་ཐང་དང་ གཞལམ་སྒང་གི་ ཁེངས་ཁ་བཟུམ་ཅིག་འབད་བ་ཅིན་ དེ་གཉིས་ཁ་སྐད་སོ་སོ་ཨིནམ་སྦེ་ ངོས་འཛིན་འབདཝ་ཨིན་ཟེར་ཨིནམ་ད་ ཁ་སྐད་ཀྱི་བར་ན་ ཆ་འདྲཝ་རེ་ཡོད་དེ་འབད་རུང་ ཚིག་གི་ཁྱད་པར་ དཔེར་ན་ བུམ་ཐང་པའི་ཚིག་མ་འདྲཝ་ཚུ་ ཁེངས་ཁ་ནང་ཡོདཔ་ལས་ བརྡ་དོན་སྡེབ་སྦྱོར་དང་ ཚིག་སྦྱོར་གྱི་ཁྱད་པར་ཡོད་མི་ལུ་བརྟེན་ སོ་སོ་ཨིནམ་སྦེ་ ཆ་འཇོག་འབད་དགོ་ཟེར་ཨིན་པས།
ཇོརཇི་ ཝེན་ཌི་རིམ་གྱིས་འབད་བ་ཅིན་ འབྲུག་ལུ་སླབ་སྲོལ་ཡོད་པའི་ ཁ་སྐད་མ་འདྲཝ་ རྫོང་ཁ་དང་ ཁྱོད་ཅ་ང་ཅ་ འབྱོག་པའི་ཁ་སྐད་ བུམ་ཐང་ཁ་ ཁེངས་ཁ་ ཀུར་སྟོདཔ་ཁ་ མང་སྡེ་ཁ་ ཆ་ལི་པའི་ཁ་ ཛ་ལ་ཁ་ མོན་པའམ་ ཨོ་ལེ་ཁ་ དྭགས་པ་ཁ་ ཚང་ལ་ཁ་ ལྷོ་པའི་ཁ་ དགོངས་འདུསཔ་ཁ་དང་ ལེབ་ཅ་ དེ་ལས་ ལྷོ་མཚམས་ཁ་ཚུ་བརྩིས་ཏེ་༡༩ ཡོདཔ་སྦེ་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་རིག་ཡོངས་འབྲེལ་གྱི་ འཛམ་གླིང་ཁ་སྐད་ཐོ་གཞུང་ནང་ ཚི་ཀུ་ཟེར་མི་ཅིག་ བཀོད་མི་དེ་ བརྟག་དཔྱད་འབད་དགོཔ་འདུག་ཟེར་ཨིནམ་ད་ ཨ་དབ་དེ་ཡང་ རྫོང་ཁའི་ཡན་ལག་བཟུམ་ཅིག་ཡོདཔ་མ་ཚད་ ཀྲོང་གསར་ ནུབ་སྦིས་ཁ་སྐད་དེ་ བུམ་ཐང་གི་ཡན་ལག་ཨིནམ་ལས་ དེ་ཚུ་ ཁ་སྐད་ཀྱི་གྲངས་སུ་ ངོས་འཛིན་མ་འབད་ཟེར་ ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment