གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་ལོ་༩ དང་ཟླཝ་༣ བཀལ་ཡོདཔ།

༢༣/༥/༢༠༡༢

༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ དང་ ཟླཝ་༣ བཀལ་ཡོདཔ་མ་ཚད་ ཚེ་འདས་བུཚ་གི་ཕམ་ལུ་ རྒུད་འཐུས་དངུལ་ཀྲམ་༡༠༦,༣༠༠ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ད་ དེ་ཡང་ ཁོ་གིས་ རྒྱལ་པོའི་ཞིང་ལུ་ སྐྱེས་ལོ་༡༩ ལང་མི་ སློབ་ཕྲུག་ཅིག་ གྱི་གསོབ་སྟེ་ བསད་མི་ལུ་བརྟེན་ཨིན་པས།



བྱུང་རྐྱེན་དེ་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢༤ གི་ ནུབ་མོའི་ཆུ་ཚོད་ ཕྱེད་དང་༡༠ དེ་ཅིག་ལུ་ ཉེས་འཛུགས་ཅན་དེ་གིས་ བང་བཙོང་ཐོག་ལས་ ཚེ་འདས་ཀྱི་ རྐང་འཁོར་སའི་ཀཱལ་ བདའ་འགྱོ་བའི་སྐོར་ལས་ འཐབ་འཛིང་འབདཝ་ད་ ཉེས་འཛུགས་ཅན་དེ་གིས་ ཚེ་འདས་ཀྱི་ ཨོལ་ལྐོག་དང་ ཕྱག་ལྟག་གུ་ གྱི་ཅུང་གསོབ་ཡོདཔ་ལས་ ས་གོ་དེ་ནང་ར་ ཤི་སོཔ་ཨིན་པས།
དམར་བསད་འབད་མི་དེ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༤༠ པའི་ ཀ་པ་དང་ ཁ་པ་ལས་ འགལ་མི་ལུ་བརྟེན་ ཁྲིམས་དེབ་དེའི་ དོན་ཚན་༡༤༡ པ་དང་༩ པ་དང་འཁྲིལ་ ཉེས་འཛུགས་ཅན་ལུ་ དབྱེ་རིམ་༢ པའི་ ཉེས་ཆེན་སྨིན་དགོཔ་ད་ དེ་ཡང་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༢༡༡ པའི་ནང་གསལ་ལྟར་ དོ་དམ་འོག་ལུ་ བཙུགས་པའི་ཉིནམ་ལས་ འགོ་བཟུང་སྟེ་ ལོ་ངོ་༩ བཙོན་ཁྲིམས་སྨིན་དགོ་པའི་ འཁྲུན་ཆོད་གནང་ནུག།
དེ་བཟུམ་སྦེ་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་དེ་ལུ་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༨ པའི་ དགོངས་དོན་ལྟར་ ཉམས་རྒུདཔ་གི་ཕམ་ལུ་ གྱོང་རྒུད་དངུལ་ཀྲམ་༧༢,༠༠༠ སྤྲོད་དགོཔ་ད་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༩ པའི་ ཀ་པའི་ནང་གསལ་ལྟར་ ཚེ་འདས་ཀྱི་ རོ་བསྡུ་དང་ དགེ་རྩ་ལས་བརྟེན་པའི་ ཞག་གྲངས་༤༩ ཚུན་ མི་གྲངས་༧ གྱི་ ཟད་འགྲོ་དངུལ་ཀྲམ་༧༠༠ རེ་རྩིས་རྐྱབ་ད་ ཟད་འགྲོ་དངུལ་ཀྲམ་༣༤,༣༠༠ སྤྲོད་དགོཔ་ད་ རྒུད་འཐུས་ཡོངས་བསྡོམས་ དངུལ་ཀྲམ་༡༠༦,༣༠༠ པོ་དེ་ གལ་སྲིད་ སྤྲོད་མ་བཏུབ་པ་ཅིན་ ཁྱད་གསོད་ཀྱི་ཉེས་ཁྲིམས་ བཙོན་དུ་སྨིན་ཆོག་པའི་ འཁྲུན་ཆོད་གནང་ནུག།
དེ་མ་ཚད་ ཉེས་འཛུགས་ཅན་དེ་གིས་ སྤྱི་ཟླ་དང་པའི་ཚེས་༢༡ ལུ་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ སྒྲུབ་བྱེད་ཡང་ བྱུང་ཡོདཔ་ལས་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༥༠༠ པ་ལས་འགལ་ཏེ་ ཁྲིམས་དེབ་དེའི་ དོན་ཚན་༥༠༡ ཀ་པ་དང་༡༣ པའི་དགོངས་དོན་ལྟར་ སྨྱོ་རྫས་ལོངས་སྤྱོད་མི་ལུ་བརྟེན་ ཉེས་པ་ཡང་ཕྲའི་ཉེས་ཁྲིམས་ ཟླཝ་༣ སྨིན་དགོཔ་ཨིན་པས།
རྩོད་དོན་དེ་གི་སྐོར་ལས་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་འཁྲིལ་ཏེ་ ཚད་འཛིན་གྱི་དུས་ཡུན་ ཞག་གྲངས་༡༠ གྱི་ ནང་འཁོད་ལུ་ མཐོ་གཏུགས་ཞུ་ནིའི་ གོ་སྐབས་གནང་སྟེ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ ཉེས་འཛུགས་ཅན་དེ་ སློབ་རིམ་༡༠ པའི་ནང་ལས་ ཐོན་སྡོད་པའི་ཤུལ་ལས་ རྒྱལ་པོའི་ཞིང་ལུ་ ཁོ་རའི་ ཕམ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ ཚེ་འདས་བུཚ་དེ་ ཐིམ་ཕུ་བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ཨིནམ་ད་ ཁོ་ར་ གནམ་དགུན་གྱི་ སློབ་གྲྭའི་ངལ་གསོའི་སྐབས་ལུ་ སྤུན་ཆ་སྡོད་སར་ རྒྱལ་པོའི་ཞིང་ལུ་ སོང་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།


No comments:

Post a Comment