ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་བཙུག་ནིའི་དོན་ལུ་ འབྲི་ཤོག་བཀང་པའི་བསྒང་། |
ཚེ་རིང་སྟོབས་རྒྱས་དེ་ ཚོགས་པའི་གཙོ་འཛིན་གྱི་དོན་ལུ་ གདམ་ངོ་ཁོ་ར་རྐྱངམ་གཅིག་ལས་བརྒལ་མེདཔ་ད་ ཁོ་གིས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༣༤ ལས་ དགོ་ཟེར་མི་༡༣༡ ཐོབ་ཅི།
སྤྱི་ལོ་༢༠༠༨ ཀྱི་ སྤྱིར་བཏང་བཙག་འཐུའི་སྐབས་ འབྲུག་གི་མི་འབོར་བརྒྱ་ཆ་༣༣ གྱིས་ ཚོགས་རྒྱན་བཙུགས་མི་ མི་སེར་དམངས་གཙོ་ཚོགས་པ་དེ་ སང་ཕོད་ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ ད་རེས་ནངས་པ་ སྤྱི་ཚོགས་ནང་ ཚོགས་པའི་འཐུས་མི་༢ ཀྱིས་ འབྲེལ་གཏོགས་འབད་དེ་ཡོདཔ་ཨིན།
ད་ལྟོ་ མི་སེར་དམངས་གཙོ་ཚོགས་པ་ལུ་ འདེམས་ངོ་༡༥ དེ་ཅིག་ཡོད་མི་ཚུ་ ཚོགས་པ་གཞི་བཙུགས་འབད་བའི་སྐབས་ལས་ར་ ཁོང་དང་གཅིག་ཁར་ཡོད་ཟེར་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ སླབ་ཨིན་པས།
འདུ་འཛོམས་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་བགྲེསཔ་ སངས་རྒྱས་དངོས་གྲུབ་དེ་ ཚོགས་པའི་གྲས་ཁར་མེད་རུང་ ལོག་བྱོན་ནི་གི་ གདམ་ཁ་གནང་པ་ཅིན་ ཁོ་གིས་ འདུ་འཛོམས་འགོ་འདྲེན་འཐབ་སྟེ་ གཙོ་འཛིན་གྱི་དོན་ལུ་ བཙག་འཐུ་འབད་འོང་ཟེར་ཨིན་པས།
ཚོགས་པ་དེ་གིས་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ བུ་ལོན་སྤྲོད་དགོཔ་ཡོད་མི་ལས་ ད་ཚུན་གྱི་བར་ན་ བརྒྱ་ཆ་༦༠ དེ་ཅིག་ སྤྲོད་ཚར་ཡོདཔ་མ་ཚད་ ལྷག་ལུས་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཞག་དུས་དང་འཁྲིལ་ ཤུལ་མའི་སྤྱི་ཟླ་༦ པའི་ཚེས་༣༠ གི་ནང་འཁོད་ལུ་ ཧིང་སངས་ས་བཟོ་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ ལམ་སྟོན་གཞི་རྩ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་བཞག་སྟེ་ཨིནམ་མ་ཚད་ ཚོགས་པའི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ཨིནམ་ད་ གལ་སྲིད་ བཙག་འཐུ་ལྷན་ཚོགས་ཀྱིས་ གནང་བ་གྲུབ་པ་ཅིན་ ཚོགས་པའི་ལས་རྟགས་དེ་ཡང་ བསྒྱུར་བཅོས་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment