གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཐོན་སྐྱེད་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

༢༢/༥/༢༠༡༢

ད་ལས་ཕར་ ཚོད་བསྲེ་ལུ་བརྟེན་  འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནིའི་ གོ་སྐབས་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ཨ་རྟག་དང་ཕྱདཔ་ད་ ལོག་ལྟབ་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།


མོང་སྒར་ཐེམ་ནང་སྦིས་ལུ་ མཐོང་གསལ་བྱུང་མི་ ཀེ་བའི་ཞིང་།
༉ མོང་སྒར་ གཡག་སྤུ་སྒང་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་གཡུ་སྒྲོན་དང་ མོ་རའི་རྨགཔ་ ཁོ་ཙ་གིས་ ད་རེས་ནངས་པ་ ཉིནམ་ཨ་རྟག་ར་ ཚོད་བསྲེ་ལྡུམ་རའི་ལཱ་འབད་ནི་ལུ་ ཨ་རྟག་དང་མ་འདྲཝ་སྦེ་ རྩ་འགེངས་སར་ མཐོང་མི་དེ་ཡང་ ད་ལས་ཕར་ གྲོང་གསེབ་ནང་ལས་ ཐོན་སྐྱེད་འབད་མི་ཚོད་བསྲེ་ཚུ་ ཧེ་མ་བཟུམ་སྦེ་ ཁྲོམ་ཁར་བཙོང་མ་ཚུགས་པའི་ དཀའ་ངལ་མི་ཐོན་ནི་ཨིནམ་ ཤེས་ནི་དེ་གིས་ཨིན་པས།


རྒྱལ་ཁབ་ནང་ ད་ལྟོ་ཚུན་ཚོད་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལས་ ནང་འདྲེན་འབད་བཞིན་དུ་ཡོད་པའི་ ཚོད་བསྲེ་ཚུ་ ད་ལས་ཕར་ གཞུང་གིས་ བཀག་འཛིན་འབད་ཞིནམ་ལས་ ཚོད་བསྲེ་ཚུ་ ནང་འཁོད་ལས་ར་ བཏོན་ཚུགསཔ་བཟོ་ནིའི་དམིགས་གཏད་བསྐྱེད་དོ་ཟེར་བའི་ ལོ་རྒྱུས་ཚུ་གོ་མི་ལུ་བརྟེན་ དུས་ཅི་ལས་ ཚོད་བསྲེའི་ལཱ་ལུ་ ཤུགས་བཏོན་སར་ མཐོངམ་ཨིན་པས།
མ་གཞི་ ཨམ་གཡུ་སྒྲོན་གྱིས་ ལོ་བསྟར་བཞིན་དུ་ གླང་དོས་༢ དེ་ཅིག་ལས་བརྒལ་ ཀེ་བ་འཛུགས་སྐྱོང་འབད་ནི་མེད་མི་དེ་ཡང་ ཀེ་བ་ཚུ་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགས་པའི་ཁར་ བཙོང་ནི་ཡང་ ལཱ་ཁག་ཡོདཔ་ལས་ ཚོད་བསྲེའི་ལཱ་ལུ་ ཤུགས་བཏོན་ནི་མེད་རུང་ དུས་ཅི་ལས་ ཤུགས་བཏོན་མི་དེ་ཡང་ རྒྱ་གར་གྱི་ཚོད་བསྲེ་ཚུ་ ནང་འདྲེན་འབད་ནི་དེ་ བཀག་འཛིན་འབད་ནི་ཟེར་ གོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གྲོང་གསེབ་ནང་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ བཙོང་ཚུགས་ནི་ལུ་ ལཱ་ཁག་རྐྱབ་མི་དེ་ཡང་ ཁྲོམ་ཁར་ལུ་ ཚོད་བསྲེ་ཚུ་ ག་ཅི་ར་དགོ་རུང་ རྒྱ་གར་ལས་ བཏོན་མི་ཚོད་བསྲེ་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐོབ་ཚུགས་མི་ལུ་བརྟེན་ གྲོང་གསེབ་ཀྱི་ཐོན་སྐྱེད་ཉོ་མི་ ཉུང་སུ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ ཚོད་བསྲེ་ཀེ་བ་ལུ་བརྟེན་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༥,༠༠༠ ལས་བརྒལ་ བཟོ་ཚུགས་ནི་མེད་རུང་ ད་ལས་ཕར་ རྒྱ་གར་ལས་ ནང་འདྲེན་འབད་སྲོལ་ཡོད་པའི་ ཚོད་བསྲེ་ཚུ་བཀག་འཛིན་འབད་བ་ཅིན་ མོ་གིས་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དེ་ཅིག་ བཟོ་ཚུགས་པའི་རེ་བ་བསྐྱེད་དེ་ ཞིང་ཁར་བཏབ་ཡོད་པའི་ ཀེ་བ་དང་ ཚོད་བསྲེ་གི་ལཱ་ཚུ་ རྩ་འགེངས་ཏེ་ འབད་ནི་ཨིན་ཟེར་ཨིནམ་མ་ཚད་ སང་ཕོད་ལས་ ས་ཆ་གླང་དོས་༤ དེ་ཅིག་ནང་ ཀེ་བ་འཛུགས་སྐྱོང་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་ལྟོ་ འཛུགས་སྐྱོང་འབད་ཡོད་པའི་ ཀེ་བ་ཚུ་ ཁྲོམ་ཁར་ བཙོང་ཚུགས་ནི་ལུ་ ད་རུང་ ཟླཝ་དག་པ་ཅིག་ འགོར་ནི་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྒེད་འོག་ ཐེམ་ནང་སྦིས་གཡུས་ཚན་ལས་ ཚོགས་པ་ཨྱོན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཚོད་བསྲེའི་རིགས་ ཀེ་བ་དང་ ཀོ་པི་ ཨེ་མ་ལ་སོགས་པ་ ག་ཅི་ཡང་ འཚོ་བཏུབ་མི་ལུ་བརྟེན་ ད་ལྟོ་ཚུན་ གཡུས་ཚན་གྱི་ མི་སེར་ཚུ་གིས་ དངུལ་གྱི་འོང་འབབ་ཡང་ བཟོ་བཞིན་དུ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ ཨ་རྟག་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ འོང་འབབ་བཟོ་ཚུགས་ནི་བཟུམ་ཡོད་མི་དེ་ཡང་ ཚོད་བསྲེ་ཚུ་ ག་ཅི་ཡོད་རུང་ ཁྲོམ་ཁར་ འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ ཀེ་བ་ཚུ་ གནམ་བྱཱར་གྱི་དུས་ཚོད་ལུ་ རྒྱ་གར་ལུ་ བཙོང་ནིའི་དོན་ལུ་ ཚོད་བསྲེ་ཚུ་གི་གྲས་ལས་ཀེ་བའི་ལཱ་ལུ་ ཤུགས་བཏོན་དོ་ཟེར་ཨིནམ་ད་ དུས་ཅི་ ཁོ་གིས་གླང་དོས་༣ དེ་ཅིག་ནང་ བཙུགས་ཡོད་པའི་ཀེ་བ་ཚུ་གིས་ འོང་འབབ་སྦོམ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་ཡང་ མོང་སྒར་གྱི་ གཡུས་སྒོ་ཚུ་ནང་འགྱོ་བལྟ་བ་ཅིན་ ད་རེས་ནངས་པ་ སོ་ནམ་པ་ མང་ཤོས་ཅིག་གིས་ར་ ལྡུམ་ར་ཚུ་ ཧེ་མ་བཟུམ་སྦེ་ སྟོངམ་མ་བཞག་པར་ ཚོད་བསྲེའི་སོན་ཚུ་ ག་ཅི་འཐོབ་རུང་ བཏབ་ནིའི་རེ་བ་བསྐྱེད་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ ཧེ་མ་ བདག་འཛིན་ལེགས་ཤོམ་འབད་ནི་མེད་པའི་ ཚོད་བསྲེ་ཚུ་ཡང་ བདག་འཛིན་འཐབ་སར་ མཐོངམ་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཐེམ་ནང་སྦིས་གཡུས་ཚན་ནང་ ཆར་ཚུ་དཀོན་དོ་ཡོདཔ་ལས་ ཨེ་ལྕང་འཛུགས་སྐྱོང་འབད་མ་ཚུགས་པར་ཡོདཔ་ལས་ ཨེ་མའི་ཐོན་སྐྱེད་ མར་འབབ་འགྱོ་ནི་བཟུམ་ཡོདཔ་ལས་ འོང་འབབ་བཟོ་ཚུགས་ནི་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
ཆ་གླིང་གཡུས་ཚན་བཟུམ་ཅིག་ནང་འབད་རུང་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་ལཱ་ལུ་ ཨ་རྟག་དང་མ་འདྲཝ་སྦེ་ འབད་དོ་ཡོདཔ་ད་ དེ་ཡང་ སྐྱེས་ལོ་༣༤ ལང་མི་ རྡོ་རྗེ་གིས་སླབ་མིའི་ནང་ དུས་ཅི་ལས་ གཞུང་གིས་ རྒྱ་གར་ལས་ཐོན་མི་ ཚོད་བསྲེ་ཚུ་ བཀག་ཆ་འབད་ནི་ཟེར་བའི་ ལོ་རྒྱུས་ཚུ་གོ་ཡོདཔ་ལས་ ཚོད་བསྲེ་ཚུ་ ག་ཅི་ར་བཙོང་རུང་ གོང་ཚད་ལེགས་ཤོམ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གྲོང་གསེབ་ལས་ཐོན་མི་ ཚོད་བསྲེ་ལས་ གོང་ཚད་ལོག་ལྟབ་ཀྱིས་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་ ཉུང་དོ་ཡོདཔ་ལས་ ཁྲོམ་ཁར་བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་རུང་ ད་ལས་ཕར་ བཙོང་མ་ཚུགས་པའི་དཀའ་ངལ་མི་ཐོན་ནི་ཨིནམ་ལས་ ད་ལྟོ་ཚུན་ ས་ཆ་གླང་དོས་ཕྱེད་དེ་ཅིག་ནང་ འཛུགས་སྐྱོང་འབད་དོ་ཡོད་མི་དེ་ གླང་དོས་༣ དེ་ཅིག་ནང་ བཙུག་ནིའི་འཆར་གཞི་ཡོདཔ་ལས་ གཞན་རྫོང་ཁག་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནི་ལུ་ རྩ་འགེངས་ནི་ཟེར་ཨིན་པས།
ད་རེས་ནངས་པ་ མོང་སྒར་ཚོད་བསྲེ་ཁྲོམ་ནང་ གྲོང་གསེབ་ལས་ཐོན་མི་ཚོད་བསྲེ་ ཀེ་བ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༥ དང་ ཨེ་མ་ཀེ་ཇི་རེ་ལུ་ ཉུང་ཤོས་དངུལ་ཀྲམ་༡༧༠ དང་ སྲནམ་ཅུང་ཀེ་ཇི་རེ་ལུ་ དངུལ་དངུལ་ཀྲམ་༡༠༠ རེ་ འཐོབ་ཚུགས་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།

No comments:

Post a Comment