གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་ སྐོར་ལས་ ཁ་གསལ་མེདཔ།

༢༣/༨/༢༠༡༢   ༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ སྤྱི་ཚོགས་ཀྱི་ རྒྱུན་སྐྱོང་འཕྲོ་མཐུད་དོན་ལུ་ ཚོགས་སྡེའི་གཙུག་སྡེ་ ཧྲམ་ནི་མེདཔ་སྦེ་ བཞག་དགོཔ་ལས་ ནམ་ར་འབད་རུང་ ཚོགས་སྡེའི་འཐུས་མི་ ཉུང་ཤོས་༡༧ དེ་ཅིག་ ཚང་དགོཔ་ཨིན་པས།

འཕྲུལ་གླང་ཊེག་ཊར་གྱི་ རྐྱེན་ངན་ནང་ ཕོ་སྐྱེས་༡ ལུ་ཤི་རྐྱེན།

༢༣/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༢༡ གི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ལུ་ དབང་འདུས་དང་ རྩི་རང་བར་ནའི་ གཞུང་ལམ་ཁར་ འཕྲུལ་གླང་ཊེག་ཊར་ཅིག་ ཐུག་རྐྱེན་བྱུང་མིའི་ནང་ སྐྱེས་ལོ་༢༣ ལང་མི་ དེད་གཡོགཔ་དེ་ འཕྲུལ་གླང་གི་ འོག་ལུ་ཚུད་དེ་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༣/༨/༢༠༡༢ 
ཁ་ཙ་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༤ གི་རིང་ མོང་སྒར་རྫོང་ཁག་ ཡ་ལྡི་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གི་བར་ན་ རྩེད་རིགས་འགྲན་བསྡུར་ནང་ སློབ་ཕྲུག་༡,༥༠༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།དེ་བཟུམ་མའི་ རྩེད་འགྲན་འགོ་འདྲེན་འཐབ་མི་དེ་ ཤེས་རིག་ལོ་བརྒྱ་འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་པས།རྩེད་འགྲན་ལས་རིམ་ནང་ ཕུཊ་བཱོལ་དང་ བཱསི་ཀེཊ་བཱོལ་ བཱོ་ལི་བཱོལ་ བེཊ་མིན་ཊཱོན་ དེ་ལས་ ཊེ་བཱལ་ཊེ་ནིསི་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ རང་ལུགས་ཀྱི་ཞབས་ཁྲ་དང་ འཁྲབ་སྟོན་སྣ་ཚོགས་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

སློབ་ཕྲུག་ཚུ་ལུ་ རྐངམ་གི་སྦོ་ནད་ཐོབ་ཡོདཔ།

༢༣/༨/༢༠༡༢   ༉ འདས་པའི་བདུན་ཕྲག་ཅིག་གི་ཧེ་མར་ ཆུ་ཁ་རྫོང་ཁག་འོག་གི་ སྐྱབས་ཆ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་དག་པ་ཅིག་ལུ་ རྐངམ་སྦོ་སྟེ་ན་མི་དེ་ ཟས་བཅུད་མ་ལང་མི་ལུ་བརྟེན་ཨིན་པའི་ དོགས་སྣང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གཏན་འཁེལ་མ་འགྱོཝ་ཨིན་པས།

རྒྱལ་ཡོངས་ངོས་ལེན་མཐུན་འགྱུར་ལས་རིམ་ཐེངས་༢ པའི་ ཞལ་འཛོམས་འགོ་བཙུགས།

༢༣/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལུ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་མ་དངུལ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་ངོས་ལེན་མཐུན་འགྱུར་ལས་རིམ་ཐེངས་༢ པ་ འགོ་བཙུགས་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བླམ་གསར་བསྐོས།

༢༣/༨/༢༠༡༢   ༉ ཁ་ཙ་ དྲོ་པར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྕགས་རི་སྒྲུབ་སྡེ་ལྟེ་བའི་ དབུ་མཛད་བསྟན་འཛིན་ནོར་བུ་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བླམ་གི་གོ་གནས་ལུ་ བསྐོ་བཞག་གི་ ལེགས་དར་གནང་ཡི།
བླམ་བསྟན་འཛིན་ནོར་བུ།

སྤུ་ན་གཙང་ཆུ་གློག་མེའི་ ཆུ་དུང་འགོ་འབྱེད།

༢༣/༨/༢༠༡༢   ༉ ཁ་ཉིནམ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བྱག་སྟུག་ཚད་མི་ཊར་༢ འབད་མི་ འགས་མི་རྟེན་འབྲེལ་འགོ་འབྱེད་འབད་མི་དེ་གིས་ རིང་ཚད་ཀི་ལོ་མི་ཊར་༨.༩ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་དང་པའི་ ཆུ་དུང་གི་ལཱ་ངོ་མའི་ གྲུབ་འབྲས་བཏོན་པའི་རྟགས་ཚན་ཐོན་ཡོདཔ་ད་ ཆུ་དུང་དེ་ ཆུ་བྱག་ལས་ གློག་མེ་འཕྲུལ་ཨམ་ནང་ ཆུ་བཏང་ནི་ཨིན་པས།

ཇ་པཱན་གྱི་ དགེ་སློང་༨༢ ཀྱིས་ བློན་ཆེན་མཆོག་དང་མཇལ་ཕྲད།

༢༣/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ ལྷན་འཛོམས་ལྟེ་བ་ལུ་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ནང་ ལྟ་སྐོར་དོན་ལུ་ལྷོད་མི་ ཇ་པཱན་གྱི་ དགེ་སློང་༨༢ དང་ མཇལ་ཕྲད་གནང་ཡི།
དགེ་སློང་ཚུ་གིས་ འབྲུག་ལུ་ ལྟ་སྐོར་འབད་མི་དེ་ཡང་ སྤྱི་ལོ་༢༠༡༡ གི་ གནམ་སོ་ཁ་ལུ་ ཁོང་གི་རྒྱལ་ཁབ་ནང་ རྐྱེན་ངན་སྣ་ཚོགས་བྱུང་བའི་སྐབས་ལུ་ འབྲུག་གིས་ ཇ་པཱན་གྱི་ མི་སེར་ཚུ་ལུ་ ལེགས་སྨོན་དང་ བྱམས་བརྩེ་བསྐྱེད་མི་དེ་ལུ་ ད་རེས་ ཇ་པཱན་གྱི་ མི་སེར་ཚུ་གི་ཁ་ཐུག་ལས་སྦེ་ འབྲུག་གི་མི་སེར་ཚུ་ལུ་ ངལ་རངས་ཡོད་ལུགས་ཚུ་ ཞུ་ནིའི་དོན་ལུ་ཨིན་པས།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ འབྲུག་ལུ་ ལྟ་སྐོར་དོན་ལུ་ལྷོད་མི་ ཇ་པཱན་གྱི་ ནང་པའི་དགེ་སློང་ཚུ།

བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ རྒྱལ་ཡོངས་དགའ་སྐྱིད་སྡེ་ཚན་༢ ཀྱིས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ།

༢༣/༨/༢༠༡༢    ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ལྟག་མའི་ནང་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ ཊེ་ཤར་བཱེསི་ དེ་ལས་  ཏག་ཏོག་བཀག་རེག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་དང་ ཊེ་ཤར་བཱེསི་ སྡེ་ཚན་༢ ཀྱི་བར་ན་ པེ་ནཱལ་ཊི་ཤུགས་ཨའུཊ་ཐོག་དོ་འགྲན་འབདཝ་ད་ བསོད་ནམས་ཨོ་ཊོ་མོ་བཱ་ཡེལ་སྡེ་ཚན་གྱིས་ བཀག་རེག་༣ རྐྱབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༢ ལས་བརྒལ་ཕོག་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཅི།

འབྲུག་ལུ་ ཇ་པཱན་གཞུང་ཚབ་ཀྱིས་ བློན་ཆེན་མཆོག་དང་ ཁ་བྲལ་མཇལ་ཕྲད།

༢༢/༨/༢༠༡༢   ༉ ཁ་ཙ་ཉིན་མ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ གནས་ཡུན་ཚང་འགྱོ་མི་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཨ་ཀི་ཏ་ཀ་ སའི་ཀི་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལས་ ཁ་བྲལ་མཇལ་ཕྲད་ཞུ་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་མཆོག་དང་ གནས་ཡུན་ཚང་མི་ འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་
ཨ་ཀི་ཏ་ཀ་ སའི་ཀི།

ཐིམ་ཕུ་ལུ་ ལྷངམ་རྐྱབ་མི་ཚུ་ གཞུང་གིས་ ཞིབ་དཔྱད་འབད་ནི།

༢༢/༨/༢༠༡༢   ༉ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་ཁར་ ལྷངམ་རྐྱབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་མི་དང་འཁྲིལ་ ནང་སྲིད་ལྷན་ཁག་གིས་ ལྷངམ་རྐྱབ་མི་ཚུ་ དཀའ་ངལ་ངེས་བདེན་ཡོད་མེད་ཀྱི་སྐོར་ལས་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་དང་ གྲོས་བསྟུན་འབད་དོ་ཡོདཔ་ཨིན་པས།

འབྲུག་ལྷ་ཡུལ་སྡེ་ཚན་དང་ ཨའིསི་བཱག་སྡེ་ཚན་༢ ཀྱིས་ མཐའ་བཅད་འོག་མའི་ནང་ ལྷོད་ཡོདཔ།

༢༢/༨/༢༠༡༢    ༉ ཁ་ཙ་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ འབྲུག་ལྷ་ཡུལ་དང་ བུ་ལུ་པ་པི་སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་འདྲན་འདྲ་ཆོད་དཔ་ལས་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ པཱེ་ནཱལ་ཊི་ཤུཊ་ཨའུཊ་ཟེར་ མདའ་ཡ་རེ་རྐྱབ་པའི་སྐབས་ལུ་ འབྲུག་ལྷ་ཡུལ་སྡེ་ཚན་གྱིས་ བཀག་རེག་གཅིག་ཐེབས་ཕོག་སྟེ་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ འབྲུག་ལྷ་ཡུལ་དང་ བུ་ལུ་པ་པི་ལྟ་བཤལ་དང་ལ་བཤལ་ དེ་ལས་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྐོར་ཐེངས་༡༥ པའི་ནང་ སྡེ་ཚན་གཉིས་ཀྱིས་ སྐུགས་རེ་རེ་ཆོད་ཡོདཔ་ད་ ལྷུན་གྲུབ་རྩེ་ཆ་རོགས་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ།

ལྷ་ཡུལ་སྡེ་ཚན་གྱིས་ བཀག་རེག་ཕོག་མི་ལུ་ དགའ་ཚོར་སྐྱེད་པའི་བསྒང་།

རྩི་རང་ལུ་ བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་ བཞེངས་པའི་བསྒང་ཡོདཔ།

༢༢/༨/༢༠༡༢   ༉ ད་རེས་ནངས་པ་ རྩི་རང་འགྲམ་ཕུག་གི་ སྨོན་ལམ་ཐང་ནང་སྦེ་ བདེ་བར་གཤེགས་པའི་ མཆོད་རྟེན་རྣམ་བརྒྱད་ཚུ་ བཞེངས་པའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྩི་རང་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་ དབང་འདུས་དང་ དགེ་སློང་ཚུ་གིས་ མཆོད་རྟེན་གྱི་ ནང་གཟུངས་ཚུ་ ཕུལ་གནང་ཡི།

རྩི་རང་རབ་སྡེའི་ བླམ་གནས་བརྟན་གྱིས་ མཆོད་རྟེན་གྱི་ ནང་གཟུངས་ཕུལ་བའི་བསྒང་།

གཞུང་དང་ བཙག་འཐུ་ལྷན་ཚོགས་ཀྱི་བར་ན་ གོ་བ་བརྡ་ལོག།

༢༢/༨/༢༠༡༢   དེ་ཡང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ གཞུང་གིས་ བརྡ་བརྒྱུད་ཚུ་ལུ་ ཁྱབ་བསྒྲགས་བྱིན་པའི་སྐབས་ འོས་འཚམས་དང་བསྟུན་ཏེ་བྱིན་དགོ་ཟེར་མི་ལུ་ ལྷན་ཚོགས་ཀྱིས་ བརྡ་བརྒྱུད་༣ གདམ་ཁ་རྐྱབ་ནི་དེ་གིས་ཨིན་པས།

༉ འཕྲལ་ཁམས་ལུ་ གཞུང་གིས་ བཙག་འཐུ་ལྷན་ཚོགས་ལུ་ ད་རེས་གཞུང་ལུ་མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ འཆར་དངུལ་མར་ཕབ་འབད་དེ་ ཁྱབ་བསྒྲགས་དང་གསལ་བསྒྲགས་ཀྱི་རིགས་ཚུ་ བརྡ་བརྒྱུད་ཚུ་ནང་བཏངམ་ད་ བརྡ་བརྒྱུད་ག་ར་ལུ་མིན་པར་ ཁྱབ་ཚད་དང་ གསལ་བསྒྲགས་ཀྱི་གནས་སྟངས་ལུ་ གཞི་བཞག་ཐོག་ འབད་དགོ་པའི་བཀའ་རྒྱ་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་༣ གདམ་ཁ་རྐྱབ་སྟེ་ དེ་ཚུ་ལུ་མ་གཏོགས་ གཞན་ལུ་མི་བྱིན་ཟེར་བའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ནར་ཕུུང་ཁྲོམ་ཁར་ རུ་པིའི་དཀའ་ངལ་མེདཔ།

༢༢/༨/༢༠༡༢   དེ་ཡང་ གཡུས་མི་ཚུ་གིས་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ འབག་འོང་པའི་ཁར་ བཀྲིས་དང་ དམ་ཅན་ཚོང་ལས་སྡེ་ཚན་གྱིས་ ཚོང་ཁང་གི་ སྒོ་ཁར་ཚུན ཚོང་ཆས་ཚུ་ བཀྲམ་སྤེལ་འབད་བར་ འོང་ནི་དེ་གིས་ཨིན་པས།

༉ རྒྱལ་ཁབ་ནང་ ཚོང་པ་མང་ཤོས་ཅིག་ལུ་ རུ་པིའི་དཀའ་ངལ་གྱིས་ དོ་འགྲན་གནས་སྟངས་བྱུང་ཡོདཔ་སྦེ་ བཀོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༥༩ དེ་ཅིག་གི་ས་ཁར་ཡོད་པའི་ ནར་ཕུུང་དེ་ ཚོང་འབྲེལ་གྱི་ ས་ཁོངས་ཅིག་ལུ་ གྱུར་ནི་དེ་གིས་ དེ་ནང་གི་ ཚོང་པ་༢༠ དེ་ཅིག་ཡོད་མི་ཚུ་ལུ་ རུ་པིའི་དཀའ་ངལ་ལུ་བརྟེན་པའི་ ཁྱད་པར་ཅིག་ ག་ནི་ཡང་ མ་བྱུངམ་ཨིན་པས།
ཚོང་འབྲེལ་གནས་སྟངས་ ཨ་རྟག་ཧར་ལུགས་སྦེ་ཡོད་པའི་ ནར་ཕུང་ཁྲོམ།

ཚལ་ལུ་ཤིང་གི་ནད་འབུབ་ དར་ཁྱབ་སོང་ཡོདཔ།

༢༢/༨/༢༠༡༢   ༉ ཚལ་ལུའི་ཐོན་སྐྱེད་ཀྱི་དུས་ཚོད་དེ་ ཧ་ལམ་ སྦོ་ལོགས་ཁར་ལྷོད་སུ་ལྷོད་སུ་འབདཝ་ད་ ཚལ་ལུ་ཤིང་ལུ་ནད་འབུབ་ཐོབ་མི་གིས་ ལོ་བསྟར་བཞིན་དུ་ ཚལ་ལུའི་ཐོན་སྐྱེད་ལུ་ ཐོ་ཕོག་དོ་ཡོདཔ་ལས་ ཆུ་ཁ་ བསམ་འཕེལ་གླིང་རྒེད་འོག་གི་མི་སེར་ཚུ་ ཐོན་སྐྱེད་ལུ་བརྟེན་པའི་འོང་འབབ་ཉུང་སུ་ཅིག་ལས་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ནད་འབུབ་ཟུན་མི་ ཚལ་ལུ་ཤིང་ཚུ།

གནས་ཚུལ་མདོར་བསྡུས།

༢༡/༨/༢༠༡༢ 

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༢ ལོའི་ རྒྱལ་ཡོངས་གོམས་འདྲིས་སློབ་སྦྱོང་ལས་རིམ་ནང་ བཅའ་མར་གཏོགས་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ བཀའ་སློབ་གནང་པའི་བསྒང་།