གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་ལུ་ ཉེས་ལས་མར་བབས།

༡༨/༩/༢༠༡༢   ༉ ད་ཚུན་གྱི་བར་ན་ པདྨ་དགའ་ཚལ་རྫོང་ཁག་ནང་ ཏམ་ཁུ་དང་འབྲེལ་བའི་ འཛིན་བཟུང་དང་ ཡང་ཅིན་ ཏམ་ཁུ་ལག་ལེན་གྱི་ ཉེས་བྱ་བཀལ་བཀལཝ་མེདཔ་ཨིན་པས།

ས་རུད་ཀྱིས་ སྣུམ་འཁོར་༤ ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༡༧/༩/༢༠༡༢    ༉ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ཁར་ རྡོ་སྐྱོང་ལའི་ ཉེ་འདབས་ས་གནས་ བླམ་དཔལ་རི་ལུ་ བྱག་གུ་ལས་མར་ ཤིང་སྦོམ་ཅིག་ ར་འབོག་འོང་མི་ལུ་བརྟེན་ སྣུམ་འཁོར་ཊི་པར་ཊཱག་༡ དང་ ཧའི་ལགསི་༢ དེ་ལས་ བཱོ་ལེ་རོ་གླ་འཁོར་༡ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
འདས་པའི་ཉིན་གྲངས་༢ ལྷགཔ་ཅིག་གི་རིང་ ཆརཔ་ཆད་ནི་མེད་པར་ རྐྱབ་པའི་སྐབས་ལུ་ ཐིམ་ཕུ་དང་ དབང་འདུས་ཀྱི་ གཞུང་ལམ་བར་ན་ བླམ་དཔལ་རི་ལུ་ ས་རུད་ཆད་དེ་ སྣུམ་འཁོར་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་མཐོང་སྣང་།

ངང་ལམ་མི་སེར་ཚུ་གི་ ས་ཆ་གཞུང་བཞེས་བཏང་མི་ལུ་ཞིབ་དཔྱད།

༡༧/༩/༢༠༡༢   ༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་གི་ཆེ་རིམ་ཅན་དག་པ་ཅིག་ འབྲེལ་གཏོགས་ཡོད་མི་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་ཚུལ་ལྡན་མེད་མི་ལུ་ ཞིབ་དཔྱད་རྐྱབ་མི་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་དྲུང་ཁག་གི་ ས་ཆའི་རྩོད་རྙོགས་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཨིན་པས།

ས་རུད་ཁག་༥༥ ཆད་དེ་ འཁོར་ལམ་ཁག་༡༠ བསུབས་ཡོདཔ།

༡༧/༩/༢༠༡༢    ༉ ད་རེས་ནངས་པ་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ ས་རུད་ཁག་ལེ་ཤ་ཅིག་ ཆད་ཡོདཔ་སྦེ་ ཆུ་ཁ་སྐྱབས་ཆ་ལུ་ཡོད་པའི་ དཱན་ཏག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

སྲོས་བྱང་མགོ་ཐང་གི་ མི་སེར་ཚུ་ལུ་ ཁྱེགས་མཚོ་རྦེད་འོང་པའི་འཇིགས་སྣང་།

༡༧/༩/༢༠༡༢   ༉ སྐྱེས་ལོ་༦༠ ལང་མི་ བཟངམོ་དེ་ བྱི་ཅུང་སྒྲ་སྐད་གངས་རིའི་རྩ་བར་ སྲོས་བྱང་མགོ་ཐང་ལུ་ སྐྱེས་ཡོདཔ་ད་ མོ་ར་ ལོ་ན་ཆུང་ཀུ་སྦེ་ སྡོད་པའི་སྐབས་ལུ་ ཁྱེགས་མཚོ་ཚུ་ ཁཝ་ཆགས་པའི་ གངས་རི་ཚུ་གི་ བར་ནང་ལས་ཕར་ ཆགས་ཡོད་ནི་དེ་གིས་ གཡུ་གི་མཐའམ་བདའ་སྟེ་ རྡོ་ཕ་ལམ་ཚུ་ བཙུགས་བཞག་བཞགཔ་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་པས།
ཁྱེགས་མཚོ་རྦད་འོང་ནིའི་ ཉེན་ཁ་ཡོད་པའི་ བྱང་མགོ་ཐང་གཡུས་ཚན།

རྟ་བྱང་སྟོར་ཤོར་མིའི་གནད་དོན་ལུ་ ཁྲག་གི་དཔེ་ཚད་བརྟག་དཔྱད་འབད་ནི།

༡༧/༩/༢༠༡༢   ༉ སྐྱེས་ལོ་༨༠ ལང་མི་ རྟའི་ཇོ་བདག་ཅིག་གིས་ ཁོ་གི་རྟ་བྱང་སྟོར་ཤོར་མི་དེ་ ངོས་འཛིན་འབད་ཐབས་ལུ་ བུམ་ཐང་ཁྲིམས་སྲུང་འགག་པ་ལུ་ ཁྲག་གི་དཔེ་ཚད་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།

ཆ་གླིང་གཡུས་ཚན་ནང་ ཁ་རམ་བཟློག་ཐབས་ཀྱི་ དུས་སྟོན་བརྩི་སྲུང་།

༡༧/༩/༢༠༡༢   ༉ ཨ་རྟག་འབད་བ་ཅིན་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་ནང་ སྐྱེས་ལོ་༣༤ ལང་མི་ ཚེ་དབང་གིས་ ཁོ་རའི་ འབྱ་ཞིང་ཨེ་ཀར་༥ དེ་ཅིག་ ཡོད་མིའི་ནང་ འབྱ་འཛུགས་སྐྱོང་འབད་དེ་ ནང་མི་བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་མེདཔ་མ་ཚད་ མ་དངུལ་གྱི་འོང་འབབ་ཡང་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ དུས་ཅི་ ཨ་རྟག་བཟུམ་སྦེ་ འོང་འབབ་བཟོ་མ་ཚུགས་ཟེར་ སླབ་ཨིན་པས།
གཡུས་མི་ཅིག་གིས་ ཁ་རམ་བཟློག་ཐབས་ཀྱི་དོན་ལུ་ ཟས་སྣ་ཚུ་བཀྲམ་པའི་བསྒང་།

སྲོག་རླུང་སྲུང་སྐྱོབ་ཀྱི་དོན་ལུ་ གླིང་ཁ་སྒོ་འབྱེད་གནང་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་སྦེ་ དུས་ཅི་ འཛམ་གླིང་སྲོག་རླུང་གི་ཉིནམ་བརྩི་སྲུང་དང་འབྲེལ་ མ་འོངས་བུ་བརྒྱུད་ཚུ་གི་དོན་ལུ་ ཨོ་ཟཱོན་ཟེར་མི་ ངར་རླུང་ངམ་ རླུང་ཁམས་སྲུང་སྐྱོབ་དང་ འཛིན་སྐྱོང་ཟེར་བའི་ བརྗོད་དོན་ཐོག་ལུ་ སྲོག་རླུང་གི་ཞབས་ཏོག་སྐུ་ཚབ་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ སྲོག་རླུང་གི་ གླིང་ཁ་སྒོ་འབྱེད་མཛད་གནང་ཡི།
འབྲུག་རྒྱལ་ཁབ་ཀྱིས་ མཱོན་ཊཱེལ་དཔྱད་གཞིའི་ དམིགས་དོན་ཚུ་ འགྲུབ་ནིའི་ནང་ ལྷན་ཐབས་འབད་བའི་ དགའ་ཚོར་ལུ་ འཛམ་གླིང་སྤྱི་ཚོགས་མཐའ་འཁོར་གནས་སྟངས་ལས་རིམ་གྱིས་ཕུལ་མི་ དྲན་བྱང་དེ་ འབྲུག་པའི་མི་སེར་ཚུ་གི་ ཁ་ཐུག་ལས་ མི་དབང་རྒྱལ་བཙུན་མཆོག་གིས་ བཞེས་གནང་པའི་བསྒང་།

རྒྱལ་པོའི་ཞིང་གི་ ཞིབ་དཔྱད་སྙན་ཞུ་ལུ་ ཚོགས་ཆུང་ཅིག་གིས་ བསྐྱར་ཞིབ།

༡༥/༩/༢༠༡༢   ༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་༥ འབད་མི་ ཚོགས་ཆུང་ཅིག་གིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་སྤྲོད་བྱ་རིམ་ཚུ་གི་ ཞིབ་དཔྱད་སྙན་ཞུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

ཁ་ཙ་ནུབ་མོ་ལས་ ཌི་ཛིལ་མར་ཁུའི་གོང་ཚད་ ཡར་སེང་འབད་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ནུབ་མོ་ ཆུ་ཚོད་༡༢ ལས་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ཌི་ཛིལ་མར་ཁུའི་ གོང་ཚད་དེ་ དངུལ་ཀྲམ་༥.༢༥ ལས་ དངུལ་ཀྲམ་༥.༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

སློབ་གྲྭའི་སྒྲིགས་ཁྲིམས་དང་ སྲིད་བྱུས་ལམ་སྟོན་བསྒྱུར་བཅོས་འབད་མི་ལུ་ ཆ་མཉམ་གྱིས་ མཉམ་འབྲེལ་མཛད་གནང་།

༡༥/༩/༢༠༡༢   
སྤྱི་ཚེས་༨/༩/༢༠༡༢ ཀྱི་འཕྲོ་མཐུད།

༉ གནད་དོན་དེ་ཚུ་ལུ་བརྟེན་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ ཤེས་རིག་དང་ གསོ་བའི་ལྷན་ཁག་ ན་གཞོན་གོང་འཕེལ་ལྟེ་བ་ གཞན་ཡང་ གཞུང་མིན་ལས་སྡེ་ལ་སོགས་པ་ཚུ་དང་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ཁ་ཐུག་ལས་ ན་གཞོན་ཚུ་ལུ་ ལམ་སྟོན་བཟང་པོ་དང་ གོ་བ་བརྡ་སྤྲོད་ཀྱི་ ཐབས་ཤེས་སྣ་ཚོགས་སྒོ་ལས་ བདག་འཛིན་འཐབ་དང་འཐབ་བཞིན་དུ་ཡོད་ཟེར་ཞུ་ནི།


འཕོ་བའི་ལུང་གནང་སར་ལུ་ དད་ཅན་མི་སེར་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་སློབ་གྲྭ་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ རྒྱལ་ཁབ་ནང་གི་ དད་ཅན་སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཚེ་འདི་ཕྱི་གཉིས་ཀར་ཕན་པའི་ བསྙེན་རྒྱུད་ཀྱི་ འཕོ་བའི་ལུང་དང་ ཁྲི་གནང་ཡི།
རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ ལུང་གནང་པའི་བསྒང་།
འཕོ་བའི་ལུང་ཞུ་མི་ དད་ཅན་ཚུ།

ཐིམ་ཕུའི་ཤ་ཁང་ནང་ ད་རིས་ལས་ ཤའི་གོང་ཚད་ཡར་སེང་རྐྱབ་ཡོདཔ།

༡༥/༩/༢༠༡༢   ༉ ཐིམ་ཕུའི་ཤ་ཁང་ལ་ལུ་ཅིག་ནང་ ནོར་ཤ་བཙོང་ནི་མེད་པར་ དུས་ཡུན་ཟླཝ་ལས་བཅད་དེ་སོང་ཡོདཔ་ཨིན་རུང་ ད་ལས་ཕར་ ལོག་སྟེ་ར་ནོར་ཤ་ཚུ་ ཧེ་མ་བཟུམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
དེ་ཡང་ ཁ་ཙ་ འབྲུག་ཚོང་དང་བཟོ་གྲྭའི་ ཞལ་འཛོམས་ཁང་ནང་སྦེ་ ཐིམ་ཕུའི་ ཤ་བཙོང་མི་ཚུ་དང་ ཤའི་གོང་ཚད་བཟོ་མི་ཚོགས་པ་ཚུ་ འཛོམས་ཐོག་ལས་ གྲོས་བསྟུན་འབད་དེ་ ཤའི་རིགས་ཀྱི་གོང་ཚད་ཚུ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ཨིན་པས།

ཐིམ་ཕུའི་ཤ་ཁང་ཅིག།

བུམ་ཐང་གི་གནས་ཡིག་དང་ ཆོས་སྡེ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ།

༡༥/༩/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཞལ་འཛོམས་ཁང་ནང་སྦེ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱི་ ལོ་བསྟར་ཞལ་འཛོམས་ཐེངས་༧ པ་ འཚོགས་ཡོདཔ་ད་ ཞལ་འཛོམས་སྐབས་ བུམ་ཐང་གི་གནས་ཡིག་དང་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ བཟོ་བཀོད་འབད་མི་ཚུ་ སྒོ་འབྱེད་འབད་ཡི།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བུམ་ཐང་གི་ གནས་ཡིག་དཔེ་དེབ་དང་ ཡོངས་འབྲེལ་འཆར་སྒོ་ སྒོ་འབྱེད་འབད་བའི་བསྒང་།

སྟག་གིས་ གནོདཔ་བཀལ་མི་ ནོར་༢ ཆ་ར་ ཤི་ཡོདཔ།


༡༥/༩/༢༠༡༢  

༉ བདུན་ཕྲག་འདི་ནང་ ཀྲོང་གསར་རྡོ་གཞོང་དགོན་པ་ལུ་ གཅན་གཟན་སྟག་གིས་ གནོདཔ་བཀལ་མི་ ནོར་༢ ཆ་ར་ ཤི་ཡོདཔ་ཨིན་པས།


ལེནཌ་ཀུ་རུའི་ཟར་ཅིག་ ས་རུད་ནང་ ཐོགས་ལུས་ཡོདཔ།

༡༥/༩/༢༠༡༢   ༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སྤུ་ན་ཁ་ བླམ་དཔལ་རིའི་ཉེ་འདབས་ལུ་ ས་རུད་ཆད་དེ་ གཞུང་ལམ་བསུབས་མིའི་ནང་ དབང་འདུས་ལས་ ཐིམ་ཕུ་ཁ་ཐུག་ལུ་འོང་མི་ སྣུམ་འཁོར་ལེནཌ་ཀུ་རུའི་ཟར་ཅིག་ ཐོགས་ལུས་ཡོད་རུང་ འགྲུལ་པ་༢ ལུ་ གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།

ཁྲོམ་ས་བགོ་སྤྲོད་ཚོགས་ཆུང་གི་ འཐུས་མི་༩ གིས་ ཁྱིམ་ས་མཁོ་སྒྲུབ་འབད་ཡོདཔ།

༡༤/༩/༢༠༡༢   ༉ ད་རེས་ནངས་པ་ མི་མང་གི་དོན་ལུ་ རྩོད་དོན་གནད་འགག་ཅན་ཅིག་ལུ་ གྱུར་ཡོད་མི་ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ས་དང་ ཁྱིམ་ས་ཚུ་ སྤྱི་ལོ་༡༩༩༩ དང་ སྤྱི་ལོ་༢༠༠༦ གི་བར་ན་ ཚོགས་ཆུང་༤ གིས་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
རྩོད་རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་ རྒྱལ་པོའི་ཞིང་གི་ཁྲོམ།