གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ མཐོང་གྲོལ་རབ་གནས།


༩/༡༡/༢༠༡༢  ༉ རང་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་བ་ལྷ་ལས་འབབ་པའི་ དུས་ཆེན་དང་འབྲེལ་ སྤུ་ན་ཁ་ སྟོད་པའི་རྒེད་འོག་ འཕྲིན་ལས་སྒང་ལྷ་ཁང་ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ མཐོང་གྲོལ་གསར་བསྒྲུབས་འབད་མི་དེ་ རབ་གནས་གནང་ཐོག་ལས་ མི་མང་ལུ་ མཇལ་ཁ་གནང་ཡི།

མི་མང་ལུ་ མཐོང་གྲོལ་གྱི་ མཇལ་ཁ་གནང་པའི་བསྒང་།

དུས་ཅི་ བྱ་ཁྲུང་ཁྱུང་སྐེ་ནག་ ཧ་སུ་སྦེ་ལྷོད་ཡོདཔ།

༩/༡༡/༢༠༡༢    ༉ དུས་ཅི་ བྱ་ཁྲུང་ཁྲུང་སྐེ་ནག་༤༣ དེ་ཅིག་ དབང་འདུས་ཕོབ་སྦྱིས་ཁ་དང་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ལུང་གཤོང་ནང་ ཆགས་ཡོད་མི་དེ་ ལོ་ཧེ་མམ་ཚུ་དང་ཕྱདཔ་ད་ དུས་ཅི་ཧ་སུ་སྦེ་ ལྷོད་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།

བཀའ་དབང་ཞུ་ནིའི་དོན་ལུ་ དགེ་ལེགས་ཕུག་ལུ་ ཁྱིམ་མ་ཐོབ་པའི་དཀའ་ངལ།

༩/༡༡/༢༠༡༢   ༉ འཕྲལ་མགྱོགས་ར་ དགེ་ལེགས་ཕུག་ལུ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་བཀའ་དབང་གནང་ནི་ཨིནམ་བཞིན་དུ་ ད་རེས་ནངས་པ་ དད་ཅན་ཚུ་གིས་ ཁྲོམ་དང་ ཁྲོམ་གྱི་ཉེ་འདབས་ས་ཁོངས་ཚུ་ནང་ ཁྱིམ་འཚོལ་དོ་ཡོད་རུང་ ཁྱིམ་མ་ཐོབ་པའི་དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
བཀའ་དབང་གི་དོན་ལུ་ བཅའ་སྒྲིག་རྐྱབ་པའི་བསྒང་ཡོད་མི་ དགེ་ལེགས་ཕུག་ཁྲོམ།


སློབ་ཕྲུག་བུམོ་ཅིག་གིས་ རང་སྲོག་བཅད་ཡོདཔ།

༩/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༦ གི་དྲོ་པ་ སྤུ་ན་ཁ་རྫོང་ཁག་ འཕྲིན་ལས་སྒང་ལུ་ཡོད་པའི་ བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུམོ་ སྐྱེས་ལོ་༡༥ འབད་མི་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིན་པས།

ཉམས་གསོ་ཞུ་ཚར་མི་ མགོན་ཁང་ལུ་ བཀྲིས་རབ་གནས་གནང་ཡོདཔ།

༨/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་ཁབ་ནང་ གནས་ཆེན་ཅིག་ཨིན་མི་ སྤ་རོ་གདོང་སྒོར་ལ་ལུ་ པད་གླིང་ཆོས་སྲུང་མ་གཟའ་དམ་གསུམ་དང་ མགོན་པོ་མ་ནིང་ དེ་ལས་ སྔགས་སྲུང་མའི་ མགོན་ཁང་དེ་ སྤྱི་ལོ་༢༠༡༡ ཟླ་༣ པའི་ནང་ ས་ཡོམ་གྱིས་ ཉམས་ཆག་ཤོར་ཡོད་མི་དེ་ སླར་ཉམས་གསོ་ཞུ་ཚར་བའི་ བཀྲིས་རབ་གནས་དེ་ དབྱངས་སློབ་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ མཛད་ཡོདཔ་ཨིན་པས།
གདོང་སྒོར་ལའི་ གནས་ཆེན་གྱི་མཐོང་སྣང།

བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ ད་རུང་ འདེམས་ངོ་༣ ངོ་སྤྲོད་འབད་ཡོདཔ།

༨/༡༡/༢༠༡༢   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ བརྡ་བརྒྱུདཔ་ཚུ་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་ འོས་འབབ་ཅན་གྱི་ འདེམས་ངོ་༣ ངོ་སྤྲོད་འབད་ཡི།
དེ་ཡང་ གསར་སྤང་རྫོང་ཁག་ ཤོམ་པང་ཁ་འདེམས་ཁོངས་ལས་ སྲིད་ཚོགས་དེ་གི་དོན་ལུ་ འདེམས་ངོ་ཐོན་མིའི་གྲས་ལས་ གཅིག་ ཞི་གཡོག་ནང་ ལོ་ངོ་༣༠ དེ་ཅིག་ཕྱག་ཞུ་མི་ རཱན་ བྷ་དུར་ རཱ་ན་ཨིནམ་ད་ ཁོ་གིས་ ལོ་ངོ་༢༠ གི་རིང་ སོ་ནམ་ལས་ཁུངས་ནང་དང་ ལོ་ངོ་༡༠ གྱི་རིང་ སྒེར་སྡེ་ནང་ ཕྱག་ཞུ་ཡོདཔ་ཨིན་པས།


གནས་ཚུལ་མདོར་བསྡུས།

༨/༡༡/༢༠༡༢
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ འཕྲལ་ཁམས་ཅིག་ཁར་ གླིང་བཞི་ལུ་ གཟིགས་སྐོར་གནང་པའི་སྐབས་ སྔོ་སྨན་བསྡུ་གསོག་ལྟེ་བ་ནང་ གཟིགས་ཞིབ་གནང་པའི་བསྒང་།

འདེམས་ཁོངས་གནང་བྱིན་མ་དངུལ་ ལག་ལེན་ཚུལ་ལྡན་མེདཔ།

༨/༡༡/༢༠༡༢    ༉ དུས་ཅི་ སྤྱི་ཟླ་༣ པ་དེ་ཅིག་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདེམས་ཁོངས་གནང་བྱིན་མ་དངུལ་དེ་ མཁོ་སྤྲོད་མི་འབད་ཟེར་ ཐག་བཅད་གནང་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ དེ་སྦེ་འདེམས་ཁོངས་གནང་བྱིན་མ་དངུལ་དེ་ མཁོ་སྤྲོད་མི་འབད་ཟེར་མིའི་གནད་དོན་གཙོ་བོ་ར་ མི་མང་ལ་ལུ་ཅིག་གིས་ འདེམས་ཁོངས་གནང་བྱིན་མ་དངུལ་ བཙག་འཐུ་དང་འབྲེལ་བའི་གནད་དོན་ནང་ འཐུས་མི་ཚུ་ལུ་ ཁེ་ཕན་གྱི་འོས་འབབ་ཡོད་པའི་ལོ་རྒྱུས་ཡོདཔ་ལས་ དེ་བཟུམ་མའི་གོ་སྐབས་མེདཔ་སྦེ་ བཞག་ཐབས་ལུ་ཨིན་པས།


གནས་ཚུལ་མདོར་བསྡུས།

༨/༡༡/༢༠༡༢
སྤྱི་ཟླ་༡༡ པའི་ཚེས་༦ ལུ་ ཨེ་མི་རི་ཀའི་སྲིད་འཛིན་གྱི་ བཙག་འཐུ་འགོ་མ་བཙུགས་པའི་ཧེ་མར་ སྲིད་འཛིན་བཱ་རག་ཨོ་བཱ་མ་གི་ དོ་འགྲན་པ་ མ་ས་ཅུ་སེཊ་གི་ གཞུང་འཛིན་སྤྱི་ཁྱབ་བགྲེསཔ་ མིཊ་རོམ་ནི་གིས་ ནིའུ་ཧེམ་ཤར་མངའ་སྡེའི་རྒྱལ་ས་ ཀཱོན་ཀཱཌ་ལུ་ མཐའ་བཅད་ཀྱི་ བསྐུལ་བསྒྲགས་འབད་བའི་བསྒང་།

རྩིགཔ་རམ་འགྱོ་མི་ལུ་བརྟེན་ སྒྲིང་ཁྱིམ་ལུ་ཉེན་ཁ།

༨/༡༡/༢༠༡༢   ༉ པདྨ་དགའ་ཚལ་གྲྭ་ཚང་གྱི་རྒྱབ་ཁར་ གཏན་འཇགས་ཀྱི་དོན་ལུ་ རྩིགཔ་རྐྱབ་ཡོད་མི་དེ་ དུས་ཅི་ གནམ་བྱཱར་ཆརཔ་རྐྱབ་ད་ རམ་སོ་ནི་དེ་གིས་ གྲྭ་ཚང་གི་དོན་ལུ་ གསརཔ་རྐྱབ་མི་ ཐབ་ཚང་དང་ བཞེས་སྒོ་བཟའ་སའི་ཁང་མིག་དེ་ རམ་འགྱོ་སག་ས་སྦེ་ ཡོདཔ་ཨིན་པས།
པདྨ་དགའ་ཚལ་གྲྭ་ཚང་གི་རྒྱབ་ཁར་ རྩིགཔ་རམ་འགྱོ་མིའི་མཐོང་སྣང་།

འབྲུག་ལུ་ ཐའི་ལེནཌི་གི་གཞུང་ཚབ་གསརཔ།

༨/༡༡/༢༠༡༢    ༉ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ འབྲུག་ལུ་ ཐའི་ལེནཌི་གི་གཞུང་ཚབ་གསརཔ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཞུང་ཚབ་གསརཔ་ མ་དུ་ར་པོ་ཅ་ན་ ཨི་ཊ་རོང་།

སྲིད་འཛིན་ཨོ་བཱ་མ་ གནས་ཡུན་གཉིས་པ་སྦེ་ ལོག་བཙག་འཐུ་གྲུབ་ཡོདཔ།

༩/༡༡/༢༠༡༢   སྲིད་འཛིན་གསརཔ་གི་གནས་ཡུན་ སྤྱི་ལོ་༢༠༡༣ ཟླཝ་དང་པའི་ཚེས་༢༠ ལས་ འགོ་བཙུགས་ནི།

༉ རེས་གཟའ་ལྷག་པའི་ ནུབ་ཕྱེད་དེ་ཅིག་ཁར་ ཨེ་མི་རི་ཀའི་ མངའ་སྡེ་༥༠ ལས་ སྲིད་འཛིན་བཙག་འཐུའི་ ཚོགས་རྒྱན་གྱི་ རྒྱན་གྲངས་ཚུ་ ཧ་ལམ་གསལ་བསྒྲགས་འབད་ཚརཝ་བཞིན་དུ་ སྲིད་འཛིན་བཱ་རག་ཨོ་བཱ་མ་གིས་ པ་པུ་ལར་བཱོཌ་ཟེར་ མི་མང་གི་ ཚོགས་རྒྱན་དང་ ཨེ་ལེག་ཊོ་རཱལ་ ཀོ་ལེཇ་ཟེར་མི་ ཚོགས་ཁང་གོང་འོག་གི་ འཐུས་མི་ཚོགས་རྒྱན་གཉིས་ཆ་ར་ལས་ རྒྱལ་ཁ་ཐོབ་སྟེ་ ད་རུང་ སྲིད་འཛིན་གྱི གནས་ཡུན་གཉིས་པ་སྦེ་ བཙག་འཐུ་གྲུབ་ཅི།
སྲིད་འཛིན་བཱ་རག་ཨོ་བཱ་མ་དང་ སྲིད་འཛིན་འོག་མ་ ཇོ་བི་དཱན་༢ ཀྱིས་ ཅི་ཀ་གོ་ལུ་ རྒྱལ་ཁ་ཐོབ་པའི་ དགའ་ཚོར་གསལ་སྟོན་འབད་བའི་བསྒང་།
ཅི་ཀ་གོ་ལུ་ རྒྱབ་སྐྱོར་པ་ཚུ་གིས་ སྲིད་འཛིན་བཙག་འཐུ་གྲུབ་མི་ལུ་ དགའ་ཚོར་བསྐྱེད་པའི་བསྒང་།
བཱོསི་ཊཱོན་ལུ་ མིཊ་རོམ་ནིའི་ རྒྱབ་སྐྱོར་པ་ཚུ་ སེམས་ཕམ་དང་བཅས་ སྒུག་སྡོད་པའི་བསྒང་།

གསར་བཞེངས་བསྒྲུབས་མི་ སྟོན་པ་གཙོ་འཁོར་གསུམ་གྱི་མཐོང་གྲོལ་ལུ་ རབ་གནས་གནང་ཡོདཔ།

༧/༡༡/༢༠༡༢   ༉ ཁ་ཙ་ རྒྱལ་བ་ལྷ་བབས་པའི་དུས་ཆེན་དང་འབྲེལ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབུ་བཞུགས་ཐོག་ལས་ གཞུང་གྲྭ་ཚང་གི་ དགེ་སློང་ཚུ་གིས་ སྟོན་པ་གཙོ་འཁོར་གསུམ་གྱི་ མཐོང་གྲོལ་གསར་བཞེངས་བསྒྲུབས་མི་ལུ་ བཀྲིས་རབ་གནས་མཛད་གནང་ཡི།
ནངས་པ་ ཇ་པཱན་ལུ་ གདན་འདྲེན་ཞུ་ནི་ཨིན་མི་ སྟོན་པ་གཙོ་འཁོར་གསུམ་གྱི་མཐོང་གྲོལ།

ཕོ་སྐྱེས་སྡེ་ཚན་ཅིག་ལུ་ བཙོན་ཁྲིམས་ཟླཝ་༡ ལས་ལོ་༡༠ གྱི་བར་ན་བཀལ་ཡོདཔ།


༧/༡༡/༢༠༡༢   ༉ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལས་ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༤༥ དེ་ཅིག་ཁར་ ཐིམ་ཕུ་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ ཕོ་སྐྱེས་ཅིག་ བསད་པའི་ཁར་ གཞན་མི་༢ ལུ་ རྨ་སྐྱོན་བཏོན་ཡོད་པའི་ བྱ་ངན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་སྡེ་ཚན་ཅིག་དང་ འབྲེལ་གཏོགས་འབད་མི་ཚུ་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།

ཚལ་ལུའི་ཞིང་ མཁོ་མངགས་འབད་མི་མེདཔ་ལས་ ཇོ་བདག་ཚུ་ ཚ་གྱང་ལང་དོ་ཡོདཔ།

༧/༡༡/༢༠༡༢   ༉ ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་གྱི་ ཚལ་ལུ་ཚུ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ བཙོང་ཚར་ཡོད་རུང་ དུས་ཅི་ ཉོ་མི་མེདཔ་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ཚུ་ལུ་ ཁག་འབགཔ་ཚུ་གིས་ ཁོང་གི་ཚལ་ཚུ་ ཉོ་མི་མེད་པའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཚོང་འབྲེལ་འཐབ་རན་པའི་ པདྨ་དགའ་ཚལ་གྱི་ ཚལ་ཤིང་ཚུ།

གྲུ་ཆུང་གི་ ཞབས་ཏོག་ལུ་བརྟེན་ མའུ་ཁོ་ལ་གཙང་ཆུ་བརྒལ་མི་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༧/༡༡/༢༠༡༢   ད་ལས་ཕར་ ས་གནས་ཀྱི་མི་ཚུ་གིས་ར་ གྲུ་ཆུང་ལག་ལེན་ཐོག་ གཡུས་མི་ཚུ་ལུ་ ཞབས་ཏོག་བྱིན་དོ་ཡོདཔ།

༉ དགེ་ལེགས་ཕུ་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོད་མི་ མའུ་ཁོ་ལ་གཙང་ཆུ་དེ་ གནམ་བྱཱར་ཨ་རྟག་ར་ བྲེས་ཏེ་ལུང་གཤོང་ལྟེམ་ལྟེ་སྦེ་ གང་དོ་ཡོདཔ་ད་ ད་ཚུན་ལུ་ ཆུ་ཕར་ཁར་ཡོད་པའི་ ཆུ་གཟར་སྒང་རྒེད་འོག་དང་ ཨུམ་གླིང་ སྟ་རེས་ཐང་རྒེད་འོག་༣ ནང་སྡོད་མི་ཚུ་ལུ་ ཆུ་བརྒལ་ནིའི་དོན་ལུ་ གྲུ་ཆུང་དེ་ མེད་ཐབས་མེདཔ་ཅིག་ཨིན་པས།
ས་གནས་ཀྱི་མི་ཚུ་ གྲུ་ནང་འཛུལ་འགྱོ་བའི་བསྒང་།

སག་སྟེང་རྒེད་འོག་ནང་ རྩྭ་འབྲོག་གི་ རྩོད་རྙོགས་ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ།

༧/༡༡/༢༠༡༢   ༉ བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ ཁྲག་ཁྲི་དང་ ནམ་ཐེང་སྤྱི་འོག་གཉིས་ཀྱི་བར་ན་ རྩྭ་འབྲོག་གི་ རྩོད་རྙོགས་སྐོར་ སག་སྟེང་རྒཔོ་ཚེ་དབང་ཚེ་རིང་གིས་ སྤྱི་ཟླ་༡༡ པའི་ཚེས་༥ འི་ཕྱི་རུ་ ཆུ་ཚོད་༤ ལྷག་སྟེ་ རྩོད་རྙོགས་དེ་གི་སྐོར་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་དམིགས་ཏེ་ ལཱ་འབད་རུང་ གྲུབ་འབྲས་བཏོན་མ་ཚུགསཔ་ཨིན་པས།
སག་སྟེང་གི་ རྩྭ་ཐང་ཅིག་ནང་ རྟ་ཚུ་ རྩྭ་ཟ་སྡོད་པའི་བསྒང་།