གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་ཆོས་གླིང་ལུ་ ཁྱིམ་༢ ཆ་ཤས་རེ་ བརྡལ་བཤིག་བཏང་ཡོདཔ།

འདག་སྦྱར་བཞི་སྒོརམ་སྦེ་རྐྱབ་མི་ ཁྱིམ་བརྡལ་ཡོད་རུང་ ཁྱིམ་ཏོག་ཆ་ཤས་ཅིག་ བཤིག་བཏང་མི་ སྒྲིང་ཁྱིམ་གཞན་མི་དེ་ བདུན་ཕྲག་༢ ནང་ བརྡལ་བཤུབ་གཏང་དགོཔ།

༢/༧/༢༠༡༢   ༉ དགེ་ལེགས་ཕུག་དྲུང་ཁག་བདག་སྐྱོང་གིས་ ཞག་དུས་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ འཇིགས་མེད་ཆོས་གླིང་ལུ་ ལམ་གྱི་ཐོབ་དབང་ནང་རྐྱབ་མི་ ཁྱིམ་༡ བརྡལ་བཏང་ཡོདཔ་མ་ཚད་ ཁྱིམ་གཞན་མིའི་ ཁྱིམ་ཏོག་ཆ་ཤས་ཅིག་ བཤུབ་བཏང་ཡོདཔ་ཨིན་པས།

འགོ་དང་པ་ འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་ཡོདཔ།

འཕྲུལ་གླང་ལག་ལེན་འཐབ་ད་ ལཱ་གི་དུས་ཡུན་ མར་ཕབ་རྐྱབ་ཚུགས་པའི་ཁར་ ལཱ་འབད་ནི་ལུ་ཡང་ འཇམ་ཏོང་ཏོ་བཟོཝ་ལས་ ཨ་རྟག་བཟུམ་སྦེ་ དཀའཝ་སྤྱད་ མི་དགོ་པས་ཟེར་ སོ་ནམ་པ་ཚུ་གིས་ སླབ་ཨིན་པས།

པདྨ་ཐང་རྒེད་འོག་ནང་ འགོ་དང་པ་ འཕྲུལ་གླང་གིས་ ཞིང་རྨོ་བའི་བསྒང་།
༢/༧/༢༠༡༢   ༉ བསམ་གྲུབ་ལྗོངས་མཁར་ལུ་ པདྨ་ཐང་དང་ ཕུན་ཚོགས་ཐང་རྒེད་འོག་གི་ མི་སེར་ཚུ་གིས་ ཧེ་མ་འབད་བ་ཅིན་ ཆུ་ཞིང་ཚུ་ གླང་ལག་ལེན་འཐབ་ཐོག་ལས་ རྨོ་དོ་ཡོདཔ་ཨིན་རུང་ འདས་པའི་ཟླཝ་ནང་ལས་ འགོ་བཙུགས་ཏེ་ ཞིང་པ་ཚུ་གིས་ འགོ་དང་པ་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ མི་སེར་ཚུ་གིས་ སོ་ནམ་འཕྲུལ་ཆས་ལྟེ་བའི་ནང་ འཐུས་མི་སྦེ་ འཛུལ་མི་ལུ་བརྟེན་ཏེ་ཨིནམ་ད་ ལྟེ་བ་དེ་ནང་ རྒེད་འོག་གི་ སོ་ནམ་འགོ་དཔོན་ཚུ་གིས་ རྒྱབ་སྐྱོར་འབད་བའི་ཁར་ པ་ཝར་ཊི་ལར་༢ ཡོདཔ་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་འབད་བ་ཅིན་ འཕྲུལ་གླང་ལག་ལེན་འཐབ་ད་ ལཱ་གི་དུས་ཡུན་ མར་ཕབ་རྐྱབ་ཚུགས་པའི་ཁར་ ལཱ་འབད་ནི་ལུ་ཡང་ འཇམ་ཏོང་ཏོ་བཟོཝ་ལས་ ཨ་རྟག་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་པས་ཟེར་ སླབ་ཨིན་པས།


སྲིད་ཚོགས་༢ ཀྱིས་ གནས་སྟངས་སྙན་ཞུ་བཙུག་ནི་དེ་ ཕར་ཕུད་རྐྱབ་ཡོདཔ།

༣༠/༦/༢༠༡༢། ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་༢ ལུ་ ཚོགས་པའི་བུ་ལོན་ཚུ་ ད་རིས་ ག་ར་བཏབ་ཚར་དགོཔ་སྦེ་ བཀའ་རྒྱ་བཏོན་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ཚུན་ ཕར་ཕུད་རྐྱབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ བཙག་འཐུའི་ཤུལ་ལས་ བུ་ལོན་ནང་ཚུད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱིས་ གོང་ཚེས་ནང་འཁོད་ལུ་ ཚོགས་པའི་འོང་འབབ་གནས་སྟངས་དང་ ཟད་འགྲོའི་གནས་ཐོ་ ཚོགས་པའི་རྒྱུ་དངོས་ འཐུས་མི་ དེ་ལས་ ཚོགས་པའི་ཡིག་ཚང་དང་ ལས་བྱེདཔ་ཚུ་གི་ཐོ་དང་ གནས་སྟངས་ཚུ་ ཁ་གསལ་བཀོད་པའི་ ཡིག་ཆ་ཚུ་ ལྷན་ཚོགས་ལུ་ བཙུག་དགོཔ་ཨིན་པས།

གནས་ཚུལ་མདོར་བསྡུས།


ཁ་ཙ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གིས་ ཐིམ་ཕུ་ལྕགས་རི་ལྷ་ཁང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལས་ བདེ་མཆོག་ལྷ་ཁང་ཅིག་བཞེངས་ནི་ འགོ་བཙུགས་ཀྱི་རྟེན་འབྲེལ་ལུ་ བདེ་མཆོག་གི་སྐུ་ཅིག་ ཕུལ་གནང་ཡོདཔ་མ་ཚད་ ལྕགས་རི་ལྷ་ཁང་ཚུ་ནང་ དམིགས་བསལ་གྱི་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་སར་ འབྲེལ་གཏོགས་གནང་ནུག།

གློག་རྒྱུན་ལུ་བརྟེན་ མེ་རྐྱེན་བྱུང་ཡོད་པའི་དོགས་པ།

༣༠/༦/༢༠༡༢། ༉ དབང་འདུས་ཕོ་བྲང་རྫོང་ལུ་ མེ་མཆོད་བཞེས་མི་དེ་ གློག་རྒྱུན་ལུ་བརྟེན་ཏེ་ བྱུང་ཡོད་པའི་ དོགས་པ་ཆགས་ཡོདཔ་ཨིན་རུང་ ད་ལྟོ་ དེ་གི་སྐོར་ལས་ ཧིང་སངས་ས་སྦེ་ ཤེས་མ་ཚུགས་པར་ ཡོདཔ་ཨིན་པས།
རྫོང་གི་ཉེ་འདབས་ལས་ཕར་ སྡོད་མི་ལ་ལུ་ཅིག་གིས་འབད་བ་ཅིན་ དེ་ཚེ་ཉིན་མར་ དྲོ་པ་ལས་ར་ གློག་མེ་མ་འོང་ཟེར་ཨིནམ་ད་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ གློག་མེ་འབར་ཡི་ར་ ད་རུང་ཤི་སྟེ་ ཚར་༣ སྡོད་ཡི་ཟེར་ སླབ་ཨིན་པས།

དྲུང་ཁག་གིས་ ཁྱིམ་༢ ད་རིས་ བརྡལ་བཤིག་གཏང་ནི།

ཡུན་རིང་གི་ རྩོད་རྙོགས་དེ་ དཀའ་ཐུབ་ཅན་དང་ སེམས་ན་ཟུག་དང་བཅསཔ་སྦེ་ མཇུག་བསྡུ་ནི་ཨིན་མས།
ཚེ་རིང་དབང་འདུས་ཀྱི་ཁྲམ་དང་ གུང་ཨང་ཚུ་ ཁོ་རའི་ཁྱིམ་གྱི་གྱང་གུ་ གསལ་སྟོན་སྦེ་ བཞག་པའི་མཐོང་སྣང་།
 ༣༠/༦/༢༠༡༢། ༉ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་ཆོས་གླིང་ལུ་ ཁྱིམ་གྱི་ཇོ་བདག་༢ ཀྱིས་ ཁོང་གི་ཁྱིམ་རྐྱབ་མི་ཚུ་ རང་དབང་གི་ཁྲམ་ནང་དང་ ཡང་ཅིན་ གཞུང་ས་ནང་ ཚུད་མ་ཚུད་ཀྱི་ དབྱེ་དཔྱད་གནང་དགོ་པའི་ གསོལ་ཞུ་ནན་བསྐྱར་འབད་རུང་ དྲུང་ཁག་བདག་སྐྱོང་གིས་ ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལ་ ད་རིས་ཉིན་མར་ ཁྱིམ་༢ བརྡལ་བཤིག་གཏང་ནི་ཨིན་པས།
གཞུང་གི་ས་ཆ་དང་ འཁོར་ལམ་གྱི་ ཟུར་ཁ་ལས་ ཕིཊ་༥༠ འི་ནང་འཁོད་ལུ་རྐྱབ་མི་ ཚུལ་མིན་གྱི་ ཁྱིམ་བརྡལ་བཤུབ་མ་བཏང་པར་ལུས་མི་༢ བརྡར་བཤིག་གཏང་དགོཔ་སྦེ་ ང་གིས་ ཚོགས་ཆུང་ལུ་ ཡིག་ཚང་བཀའ་རྒྱ་ཅིག་ བཏོན་ཡི་ཟེར་ དགེ་ལེགས་ཕུག་དྲུང་པ་ པདྨ་དབང་འདུས་ཀྱིས་ སླབ་ཨིན་པས།
ང་བཅས་ཀྱིས་ འདི་བཟུམ་མའི་ དང་ལེན་དམ་སྒྲིང་འབད་མི་དེ་ ཁྲིམས་ཀྱི་བཀའ་རྒྱ་དང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ བཀོད་བྱ་དང་འཁྲིལ་ཨིན་ཟེར་ དྲུང་པ་གིས་ སླབ་ཨིན་པས།

ནང་ཁ་ནང་འགྲིག་གི་ སྦྱོང་བརྡར་མཇུག་བསྡུ་ཡོདཔ།

ཧེ་མ་འབད་བ་ཅིན་ ཁྲིམས་ཀྱི་གཞི་རྟེན་ཅིག་ མེད་པ་ལུ་བརྟེན་ ནང་འགྲིག་འབད་ནི་དེ་ ལཱ་ཁག་ཡོད་རུང་ ད་ལས་ཕར་ སྦྱོང་བརྡར་ལུ་བརྟེན་ མི་སྡེའི་ནང་ ཕྱག་ཞུ་ཚུགས་ནི་མས་ཟེར་ཨིན་པས།
མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ལག་ཁྱེར་བྱིན་པའི་བསྒང་།
 
༣༠/༦/༢༠༡༢། ༉ སྐྱེས་ལོ་༣༢ ལང་མི་ ནམ་མཁའ་རྡོ་རྗེ་དེ་ ན་ཧིང་ པདྨ་དགའ་ཚལ་ ལྕོང་ཤིང་རྒེད་འོག་གི་ ས་གནས་གཞུང་བཙག་འཐུ་འབད་བའི་སྐབས་ལུ་ དམངས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མི་སྡེ་ནང་ ཕྱག་ཞུ་ནི་ལུ་ གདོང་ལེན་སྦོམ་ཡོད་མི་དེ་ཡང་ རྒེད་འོག་ནང་ སྟབས་མ་བདེཝ་ཆུང་ཀུ་རེ་ ཐོན་པའི་སྐབས་ དྲང་ཁྲིམས་ཀྱི་ གཞི་རྟེན་མེདཔ་ལས་བརྟེན་ འཆམ་ཁ་བཟོ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

བརྡུང་རྫོབ་འབད་མི་ ཕོ་སྐྱེས་ཅིག་ སྨན་བཅོས་འབད་བའི་བསྒང་ཡོདཔ།


༣༠/༦/༢༠༡༢། ༉ བུམ་ཐང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་ཅིག་ བརྡུང་རྫོབ་འབད་མི་ལུ་བརྟེན་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་འབད་མི་ ཕོ་སྐྱེས་དེ་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཆུ་སྨད་རྒེད་འོག་ ཀེར་གཙོ་སྤྱི་འོག་གི་ ཐན་ད་སྒང་གཡུས་ཚན་ནང་ སོ་ནམ་ཞིང་ལམ་བཏོན་པའི་བསྒང་ཡོད་མི་ ས་བརྐོ་འཕྲུལ་མི་དེ་ བརྙ་དགོཔ་སྦེ་ སླབ་པའི་ཤུལ་ལས་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།

ནང་རྟེན་རྩ་ཅན་ཚུ་གི་ མཇལ་ཁ་གནང་ཡོདཔ།

 མོང་སྒར་བཙན་ཕུག་སྒྲུབ་སྡེའི་ སྒྲུབ་དཔོན་ཚེ་རིང་གིས་ 
དད་ཅན་སྐྱ་སེར་བརྒྱ་ལས་བཅད་དེ་ 
འཛོམས་མི་ཚུ་ལུ་ ནང་རྟེན་རྩ་ཅན་ཚུ་གི་ དབང་གནང་པའི་བསྒང་།
༣༠/༦/༢༠༡༢། ༉ ཁ་ཙ་ སྤྲེལ་ཟླ་ཚེས་བཅུའི་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ མོང་སྒར་གཡག་སྒང་ལྷ་ཁང་གི་ ནང་རྟེན་རྩ་ཅན་ཚུ་ མི་མང་ལུ་ མཇལ་ཁ་གནང་ཡི།
ནང་རྟེན་ཚུ་ཡང་ གཏེར་བཏོན་པདྨ་གླིང་པ་གིས་ བུམ་ཐང་ སྟང་མེ་འབར་མཚོ་ལས་ གཏེར་བཞེས་གནང་མི་ སྟོན་པའི་སྐུ་འདྲ་དང་ པདྨ་གླིང་པ་ཁོ་རའི་ ཕྱག་བཟོ་ཕུར་པ་ ནམ་མཁའི་དབྱིངས་ལས་འཕུར་བྱོན་མི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ པད་གླིང་བླ་བརྒྱུད་ཚུ་གི་སྲུང་གའུ་ བྱམས་མགོན་གྱི་སྐུ་འདྲ་ རྗེ་བཙུན་སྒྲོལ་མའི་སྐུ་འདྲ་ སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འདྲ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ལྗགས་ཚིལ་གྱི་རིང་བསྲེལ་ ཨ་ཞེ་སྣང་སའི་རིང་བསྲེལ་ རྟ་མཆོག་བྷ་ལ་ཧའི་ མཆེཝ་ཆ་གཅིག་ ཀླུའི་རྒྱལ་པོ་བྷ་སུ་རྟའི་ཐོད་པ་ དེ་ལས་ སེར་བ་བཅོམ་ཚུགས་པའི་ དུང་དཀར་ཚུ་ཨིན་པས།

ཐིམ་ཕུ་ཆུ་བར་ཆུ་གི་ སྒོ་ནོར་གཙོ་བསྟེན་སྨན་ཁང་གནས་སྟངས་སྐྱོ་དྲགས་ལུ་གྱུར་ཡོདཔ།


སྨན་ཁང་བཟོ་སྐྲུན་གྱི་ མ་དངུལ་ཡོད་དེ་འབད་རུང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་ བཀའ་རྒྱ་ཡོདཔ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ བཟོ་སྐྲུན་གྱི་གནང་བ་བྱིན་ནི་དེ་ བཀག་འཛིན་འབད་ཡོདཔ་ཨིན་པས།
 
༣༠/༦/༢༠༡༢། ༉ ཐིམ་ཕུ་ ཆུ་བར་ཆུ་ ས་སྣུམ་བཀྲམ་སྤེལ་ཁང་གི་སྦོ་ལོགས་ཁར་ ཁང་མིག་ཆུང་ཀུ་ཅིག་འབད་མིའི་ནང་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ལེ་ཤ་ཅིག་ སྒོ་ནོར་སེམས་ཅན་ རོ་ཁྱི་དང་ བྱི་ལི་ཚུ་ སྨན་བཅོས་འབད་བར་འོང་དོ་ཡོདཔ་ད་ ཁང་ཆུང་དེ་ སྤྱི་ལོ་༡༩༦༡ ལུ་ རྒྱལ་ཡོངས་སྒོ་ནོར་གཙོ་བསྟེན་སྨན་ཁང་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྨན་ཁང་དེ་ ད་ཚུན་གི་རིང་ ཉམས་བཅོས་དང་ རྒྱ་བསྐྱེད་ཚུ་ག་ནི་ཡང་མ་འབད་བར་ ལག་ལེན་འཐབ་སྟེ་ སྡོད་ནི་དེ་གིས་ ལས་བྱེདཔ་ཚུ་ལུ་ དཀའ་ངལ་ཡོད་མི་དེ་ བསལ་མ་ཚུགས་པར་ ལོ་ངོ་ལེ་ཤ་སོང་བའི་ཁར་ ལོ་རེ་བཞིན་དུ་ སེམས་ཅན་སྨན་བཅོས་འབད་མི་ ལེ་ཤ་འོང་དོ་ཡོདཔ་མ་ཚད་ ལོ་རེ་བཞིན་དུ་ མི་ཚུ་གིས་རང་སོའི་སྒོ་ནོར་དཔེར་ན་ གསོ་སྐྱོང་འཐབ་མི་རོ་ཁྱི་ཚུ་ལུ་ བརྩེ་གདུང་དང་ བདག་སྣང་བསྐྱེད་མི་མང་སུ་ཐོན་དོ་ཡོདཔ་ལས་ སྨན་ཁང་དེ་ཡར་དྲག་བཏང་དགོཔ་ད་ མཐུན་རྐྱེན་ཚུ་ཡང་ རྒྱ་བསྐྱེད་འབད་དགོཔ་འདུག་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།

ཞབས་དྲུང་དག་སྣང་མའི་ མཐོང་གྲོལ་གསར་བསྒྲུབས་ལུ་ རབ་གནས་གནང་ཡོདཔ།

དད་ཅན་ཚུ་གིས་ མཐོང་གྲོལ་ལུ་ སྙན་དར་ཕུལ་བའི་བསྒང་།
 ༣༠/༦/༢༠༡༢། ༉ ཁ་ཙ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་དང་འབྲེལ་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུ་སེམས་རྟོགས་ཁ་རྫོང་ནང་སྦེ་ ཞབས་དྲུང་དག་སྣང་མའི་མཐོང་གྲོལ་ གསརཔ་བསྒྲུབས་མི་ལུ་ རབ་གནས་གནང་ཡོདཔ་མ་ཚད་ མི་མང་ལུ་ ཞབས་དྲུང་དག་སྣང་མའི་ དབང་ཡང་གནང་ཡི།

གསོ་བའི་ལག་ཁྱེར་སྤྲོད་ནིའི་དོན་ལུ་ གྲོས་སྟོན་ཞབས་ཏོག་འགོ་བཙུགས།

དེ་བཟུམ་མའི་ དམིགས་བསལ་གྱི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ སྤྱིར་བཏང་གི་ནདཔ་ཚུ་ སྨན་ཁང་ནང་ ཡུན་རིངམོ་སྦེ་ མི་ལུས་ནི།

རྒྱ་གར་གྱི་ ལས་མི་དང་ ལཱ་གཡོག་འཚོལ་མི་ 
འབྲུག་མི་ཚུ་ གསོ་བའི་ལག་ཁྱེར་ལེན་ནིའི་དོན་ལུ་ 
ཕུན་ཚོགས་གླིང་སྨན་ཁང་གི་ ས་ཁོངས་ནང་ སྤུངས་འཛོམས་འབད་བའི་མཐོང་སྣང་
༣༠/༦/༢༠༡༢། ༉ ཕུན་ཚོགས་གླིང་སྨན་ཁང་ནང་ལས་ གསོ་བའི་ལག་ཁྱེར་ལེན་ནིའི་དོན་ལུ་ འབྲུག་མི་དང་ འབྲུག་མི་མིན་པའི་ ལཱ་གཡོག་འཚོལ་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་མ་ཚད་ དྲུང་འཚོ་ལངམ་མེད་མི་ལུ་བརྟེན་ སྨན་ཁང་དེ་གིས་ རེས་གཟའ་ལྷག་པའི་ དྲོ་པ་ཆུ་ཚོད་༡༡ ལས་ དམིགས་བསལ་གྱི་ གྲོས་སྟོན་ཞབས་ཏོག་ལས་རིམ་ཅིག་ འགོ་བཙུགས་མི་དང་བསྟུན་ ཞབས་ཏོག་སྤྱོད་མི་ཚུ་ དུས་ཡུན་རིངམོ་སྦེ་ སྒུག་མ་དགོ་པའི་ ཐབས་ལམ་ཅིག་ཨིན་པས།

གནས་ཚུལ་མདོེར་བསྡུས།

 ༣༠/༦/༢༠༡༢། ཁ་ཚ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་གི་དོན་ལུ་ ཕུན་ཚོགས་གླིང་ འབྲུག་གི་དངུལ་ཁང་ཡིག་ཚང་ལྟེ་བ་གིས་ ཁྲག་གི་ཞལ་འདེབས་བྱིན་ཐོག་ལས་ སྲོག་སྐྱབས་འབད་ཟེར་བའི་ བརྗོད་དོན་ཐོག་ལུ་ ཁྲག་གི་ཞལ་འདེབས་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།
དེ་བསྒང་ དངུལ་ཁང་གི་ ལས་བྱེདཔ་ཚུ་གིས་གཙོས་པའི་ མི་༡༠༠ དེ་ཅིག་གིས་ ཕུན་ཚོགས་གླིང་སྨན་ཁང་ནང་ ཁྲག་ཡུ་ནིཊ་༡༠༠ དེ་ཅིག་ ཞལ་འདེབས་འབད་ཡོདཔ་ལས་ དེ་གིས་ སྨན་ཁང་ནང་ ནདཔ་ཚུ་ལུ་ ཁྲག་ཚབ་བཙུག་ནིའི་དོན་ལས་ ཁྲག་རྫོགསཔ་ད་ ཁྲག་མཛོད་ནང་ལས་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ སྨན་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

རྫས་བརྟག་འཕྲུལ་ཆས་ མེདཔ་ཐལ་ཡོདཔ།


༣༠/༦/༢༠༡༢།རྩོམ་འབྲི་ལས་བྱེདཔ།

༉ ཐིམ་ཕུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྫས་བརྟག་འཕྲུལ་ཆས་ ལག་ལེན་འཐབ་ནི་མེད་པར་ ཟླཝ་༡ དེ་ཅིག་ སོང་ཡོད་མི་ལུ་བརྟེན་ ནདཔ་རྫས་བརྟག་འབད་དགོ་མི་ཚུ་གི་ སྨན་བརྟག་འབད་ནི་ ཕྱིས་སོ་པའི་ གནས་སྟངས་ཚུ་ ཐོན་དོ་ཡོདཔ་ཨིན་པས།
སྨན་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫས་བརྟག་འཕྲུལ་ཆས་དེ་ སྤྱི་ཟླ་༥ པའི་ཚེས་༢༩ ལས་ མེདཔ་ཐལ་མི་དེ་གིས་ སྨན་བརྟག་གི་གནས་སྟངས་ནང་ དཀའ་ངལ་བྱུང་དོ་ཟེར་ཨིན་པས།

སའི་ཚོགས་ཆུང་ གཞི་བཙུགས་འབད་དགོ་པའི་ བསམ་འཆར་ཆ་མེད།


༣༠/༦/༢༠༡༢། ༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ མང་ཤོས་ཅིག་གིས་ དམིགས་བསལ་གྱི་ སའི་ཚོགས་ཆུང་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ བསམ་འཆར་བཤད་ཡོད་རུང་ ཚོགས་ཆུང་དེ་ དུས་ཚོད་ཡུན་རིངམོ་མེན་མི་ལུ་བརྟེན་ ཆ་འཇོག་མ་འབདཝ་ཨིན་པས།
ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཨོ་རྒྱན་དབང་འདུས་ཀྱིས་ ད་ལྟོ་ ས་དང་འབྲེལ་བའི་ཚོགས་ཆུང་ གཞི་བཙུགས་དགོཔ་མེད་མི་དེ་ཡང་ ད་ལྟོ་ ཚོགས་ཁང་ནང་ ཚོགས་ཆུང་ལེ་ཤ་ཡོད་རུང་ རེ་བ་བཀོད་དོ་བཟུམ་སྦེ་ གྲུབ་འབྲས་མ་ཐོན་ནི་དེ་གིས་ གཞི་བཙུགས་མ་འབད་རུང་ བཏུབ་པས་ཟེར་ཞུ་ཡི།

གནས་ཚུལ་མདོར་བསྡུས།


༣༠/༦/༢༠༡༢། མི་དབང་རྒྱལ་བཙུན་མཆོག་ ལྕགས་རི་ལུ་བྱོནམ་ད་ རྡོ་གདན་ནང་ལུ་ སྐྱབས་རྗེ་ཁྲི་ཟུར་མཆོག་གིས་ ཕེབས་བསུ་ཞུ་ཡོདཔ་ད་ མི་དབང་རྒྱལ་བཙུན་མཆོག་དང་ ཕྱག་ཞུ་སྟེ་ འཇིག་རྟེན་དབང་ཕྱུག་ཚོགས་པའི་ འཐུས་མི་ཚུ་ སོང་ཡོད་པའི་གནས་ཚུལ།

ཆར་ཤུགས་ལུ་བརྟེན་ རྩི་ས་ལས་འགུལ་ཕྱིར་འགྱངས་ལུས་ནི།

༣༠/༦/༢༠༡༢། ༉ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཚ་ལ་རྐྱབ་ནིའི་ལཱ་ཚུ་འབད་མ་ཚུགས་པར་ལུས་མི་གིས་ གདུང་བསམ་རྩི་ས་ལས་འགུལ་ནང་ ལཱ་འབད་མ་ཚུགས་པར་ བསྒུགས་བཞག་ཡོདཔ་ཨིན་པས།
གདུང་བསམ་རྩི་ས་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཆར་ཤུགས་ཀྱིས་ ངང་ལམ་དང་ རྒྱལ་པོ་ཞིང་གི་ གཞུང་ལམ་འཕྱགས་བདའ་བའི་སྐབས་ལུ་ ས་འོག་གི་གློག་མེ་ཐགཔ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།