གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ དད་ཅན་སྟོང་ཕྲག་ལེ་ཤ་ཅིག་གིས་ བཀའ་ཁྲིད་ཞུ་ཡོདཔ།

༢༧/༩/༢༠༡༢   ༉ རྒྱལ་ཁབ་ཀྱི་ རྫོང་ཁག་ལ་ལུ་ཅིག་ནང་ ལོ་བསྟར་གྱི་ ཚེས་བཅུ་ཚུ་ལུ་བརྟེན་ འུར་བྱེལ་འཐབ་པའི་བསྒང་ཡོདཔ་བཞིན་དུ་ འདས་པའི་ཉིན་གྲངས་༡༡ གི་རིང་ མོང་སྒར་ལུ་ཡང་ ཆོས་ཕྱོགས་དང་འབྲེལ་བའི་ འུར་སྒྲ་སྦོམ་བྱུང་མི་དེ་ རང་ཟླ་༨ པའི་ཚེས་༡༠ ལུ་ མཇུག་བསྡུ་ཡི།
རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ མོང་སྒར་ལུ་ ཁྲཅམ་དབང་གནང་པའི་བསྒང་།


ཆོས་ཕྱོགས་ཀྱི་ ལས་སྣ་མཇུག་ར་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཞིང་ལུ་ ཉིན་གྲངས་༣ གྱི་རིང་ སྔོན་འགྲོའི་བཀའ་ཁྲིད་དང་ མཁའ་འགྲོའི་ཐུགས་རྟེན་ བཀའ་དབང་ཟབ་མོ་གནང་བའི་ཤུལ་ལུ་ རེས་གཟའ་ལྷག་པ་ལུ་ མཁའ་འགྲོའི་ཚོགས་འཁོར་དང་བཅས་ དད་ཅན་སྐྱ་སེར་ཕོ་མོ་ཁྲི་ཕྲག་ལས་བཅད་མི་ཚུ་ལུ་ ཁྲོམ་དབང་གནང་ཡི།
ཉིནམ་དེ་གི་ཧེ་མར་ རང་ཟླ་༨ པའི་ཚེས་༩ ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་ དད་ཅན་ཚུ་ལུ་ ཟབ་ཆེན་ཆོས་ཀྱི་སྔོན་འགྲོའི་བཀའ་ཁྲིད་དང་ བླ་མ་མཚོ་སྐྱེས་ཐུགས་རྟེན་གྱི་བཀའ་ཁྲིད་ཚུ་གནང་ཡོདཔ་མ་ཚད་ ཁྲོས་མའི་ཚོགས་འཁོར་ཅིག་ཡང་ བསྐོར་གནང་ནུག།
དེ་གི་ཧེ་མར་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཞིང་ལུ་ རང་ཟླ་༧ པའི་ཚེས་༣༠ ལས་འགོ་བཙུགས་ ཉིན་གྲངས་༨ ཀྱི་རིང་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་མི་དེ་ འགོ་དང་པ་ཨིནམ་ད་ རང་ཟླ་༧ པའི་ཚེས་༨ ལུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་མི་ཚུ་ལུ་ དངོས་གྲུབ་བླངས་བའི་ དབང་གནང་ཡོདཔ་མ་ཚད་ བདུད་འཇོམས་སྔོན་འགྲོའི་བཀའ་ཁྲིད་དང་ མར་མེ་སྨོན་ལམ་གནང་ཡོདཔ་ཨིན་པས།
ཆོས་ཞུ་བར་འོང་མི་ ལྷུན་རྩེ་ལས་ སྐྱེས་ལོ་༦༧ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ དུས་ཅི་ འགོ་དང་པ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལས་ དེ་བཟུམ་མའི་ བཀའ་ཁྲིད་དང་ བཀའ་དབང་ཚུ་ ཞུ་ནི་གི་གོ་སྐབས་ཐོབ་ཚུགས་མི་ལུ་བརྟེན་ སེམས་དགའ་ཡོདཔ་མ་ཚད་ འབྱོར་པ་ཅན་ཚུ་གིས་ ད་ལས་ཕར་ ལོ་བསྟར་གྱི་ ལས་རིམ་བཟུམ་ཅིག་སྦེ་ སྲོལ་བཙུགས་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
ད་རུང་ མོང་སྒར་འབྲས་སྤུངས་ལས་ ཨ་རྒས་སངས་རྒྱས་ཀྱིས་འབད་བ་ཅིན་ ཁོ་གིས་ཡང་ རིན་པོ་ཆེ་མཆོག་ལས་ བཀའ་ཁྲིད་དང་ བཀའ་དབང་ཞུ་ནིའི་མནོ་བསམ་ ཧེ་མ་ལས་ར་ བཏང་སྡོད་རུང་ ད་ལྟོ་ཚུན་ ཞུ་ནི་གི་ གོ་སྐབས་ཐོབ་མ་ཚུགས་མི་དེ་ཡང་ ལམ་ཐག་རིང་སར་ ཆོས་ཞུ་བར་ ཟད་འགྲོའི་དཀའ་ངལ་བྱུང་ནི་དེ་གིས་ འགྱོ་མ་ཚུགས་རུང་ དུས་ཅི་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཆོས་གནང་སར་ ལྷོད་ཚུགས་ནི་དེ་གིས་ ད་ལས་ཕར་ ཁོ་ར་ ཤི་སོ་རུང་ བློ་འགྱོད་བསྐྱེད་དགོཔ་མེདཔ་ལས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ ཀུར་རི་ཆུ་གློག་མེ་ལས་འགུལ་དང་ རྒྱལ་པོའི་ཞིང་གི་ཚོང་པ་དང་ ཞི་གཡོགཔ་ མོང་སྒར་རྫོང་ཁག་བདག་སྐྱོང་དང་ ཚོང་པ་ཚུ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མོང་སྒར་ཁྲོས་མ་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment