གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་༡༠ པའི་ནང་ ཁང་ཚན་༨༠༠ བཟོ་སྐྲུན་འབད་ནིའི་འཆར་གཞི་ མཐར་འཁྱོལ་འབྱུང་ཚུགས་ག?

༢༢/༩/༢༠༡༢   ༉ གཞུང་གིས་ འཆར་གཞི་༡༠ པའི་ནང་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ འགོ་འདྲེན་ཐོག་ རྒྱལ་ཁབ་ནང་ སྡོད་ཁྱིམ་ཁང་ཚན་༨༠༠ དེ་ཅིག་ བསྒྲུབས་ཚུགསཔ་འབད་ནིའི་འཆར་གཞི་དེ་ ད་ལྟོའི་གནས་སྟངས་དང་འཁྲིལ་བ་ཅིན་ མཐར་འཁྱོལ་བྱུང་ཚུགས་པའི་ འོས་འབབ་ཅིག་མེདཔ་ཨིན་པས།


དེ་ཡང་ འཆར་གཞི་༡༠ པ་དེ་ མཇུག་བསྡུ་རན་ཁར་ལྷོད་དེ་ཡོད་རུང་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་ཁྱིམ་ཁང་ཚན་༢༥ རེ་འབད་མི་ རྐྱབ་ནི་དེ་ ད་ལྟོ་འགོ་བཙུགསཔ་ཅིག་ར་ཨིན་པས།
བཟོ་སྐྲུན་དེ་གི་དོན་ལུ་ མ་དངུལ་ས་ཡ་༩༠ གནས་ནི་ཨིནམ་ད་ ད་ཚུན་ གཞུང་གིས་ ཁང་ཚན་༨༠༠ འི་ལས་འགུལ་གྱི་དོན་ལུ་ སྐྱེད་མེད་པའི་སྐྱིན་འགྲུལ་ མ་དངུལ་ས་ཡ་༢༥༠ ལས་ལྷགཔ་ཅིག་ཡོདཔ་ཨིན་པས།
ལས་འཛིན་དེ་གིས་ གཞལམ་བསྒང་དང་ ལྷུན་རྩེ་ལུ་ སྡོད་ཁྱིམ་རྐྱབ་ནི་གི་ས་ཆ་ ངོས་འཛིན་འབད་ཡོདཔ་ད་ སྐྱིན་འགྲུལ་གྱི་ མ་དངུལ་ལྷག་ལུས་དེ་ ས་ཁོངས་ཚུའི་ནང་ སྡོད་ཁྱིམ་རྐྱབ་ནི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་གཙོ་འཛིན་ ཨོ་རྒྱན་ཚེ་དབང་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ ས་གནས་ཀྱི་རྒྱུ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ རང་ལུགས་ཀྱི་ ཁྱིམ་ཚུ་རྐྱབ་ནི་ཟེར་ཨིན་པས།
འཆར་གཞི་༡༠ པའི་ནང་ སྡོད་ཁྱིམ་རྐྱབ་ནིའི་ལས་འགུལ་ཚུ་ འཆར་གཞི་འདི་གི་ ལོ་༤ འི་ནང་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་ གཞི་བཀོད་འབད་ཚར་བའི་ཤུལ་ལུ་རྐྱངམ་གཅིག་ འགོ་བཙུགས་ཡོདཔ་ད་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལུ་ རྐྱབ་པའི་བསྒང་ཡོད་མི་ ཁང་ཚན་ ཡོངས་བསྡོམས་༥༠ འབད་མི་དེ་ ཤུལ་མའི་ལོ་ནང་ མཇུག་བསྡུ་ཚུགས་ནི་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་གཙོ་འཛིན་གྱིས་འབད་བ་ཅིན་ གཞུང་གིས་ རྒྱལ་སྤྱིའི་དངུལ་འབྲེལ་ཞབས་ཏོག་ལས་སྡེ་ཚུ་ལས་ ལྷན་ཐབས་ཅན་གྱི་ སྐྱིན་འགྲུལ་འཐོབ་ཐབས་ཀྱི་ གྲོགས་རམ་འབད་དགོཔ་སྦེ་ དངུལ་རྩིས་ལྷན་ཁག་ལུ་ ཞུ་བ་འབད་ཡི་ཟེར་ཨིནམ་ད་ དེ་མིན་པ་ཅིན་ གཞུང་ལས་ར་ ད་རུང་ སྐྱིན་འགྲུལ་ཐེབས་ཞུ་དགོ་པའི་ དགོས་མཁོ་བཀོད་དགོ་ནི་མས་ཟེར་ཨིན་པས།
ལས་འཛིན་གྱིས་ ད་ལྟོའི་ཁང་གླའི་ཐོག་ལས་ ནང་འཁོད་ཀྱི་ཟད་འགྲོ་དང་ སྒྲིང་ཁྱིམ་ཚུ་ལེགས་བཅོས་ཀྱི་དོན་ལུ་ཡང་ ལངས་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ལས་འཛིན་གྱིས་ ཁང་གླར་སྡོད་མི་ཚུ་གི་ ཁང་གླ་བརྒྱ་ཆ་༡༠ ཡར་སེང་འབད་བའི་ཤུལ་ལུ་ ལོ་བསྟར་བཞིན་དུ་ ཁང་གླའི་ཐོག་ལས་ འོང་འབབ་མ་དངུལ་ དངུལ་ཀྲམ་ས་ཡ་༤༥ དེ་ཅིག་ལས་ མིན་འདུག་ཟེར་ཨིན་པས།
ད་ལྟོ་ ལས་འཛིན་གྱི་འོག་ལུ་ཡོད་པའི་ ཁྱིམ་ཚུ་ག་ར་ སྤྱི་ལོ་༡༩༦༠ ལུ་ བཟོ་སྐྲུན་འབད་མི་ཚུ་ཨིནམ་ལས་ ལེགས་བཅོས་ཀྱི་དོན་ལུ་ ཟད་འགྲོ་སྦོམ་སྦེ་ར་ གནསཔ་མས་ཟེར་ཨིན་པའི་ཁར་ ལེགས་བཅོས་འབད་ནི་ཚུ་ག་ར་ ཁང་གླའི་འོང་འབབ་ཀྱིས་ར་ལངམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
གཞུང་ལས་སྐྱེད་མེད་སྐྱིན་འགྲུལ་གྱི་གྲོགས་རམ་དེ་ ད་རུང་ ལོ་ངོ་༢༠ དེ་ཅིག་གི་རིང་ གནང་དགོ་པའི་དགོས་མཁོ་བཀོད་ཐོག་ལས་ ལས་འཛིན་གྱིས་ གནས་སྟངས་ ཡུན་བརྟན་བཟོ་དགོཔ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ ཨ་ལུའི་གླིང་ཁ་ཅིག་ ལྕང་ཇི་ཇི་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ གླིང་ཁ་དེ་ནང་ ན་གཞོན་དང་ ལོ་ན་རྒས་མི་ཚུ་གི་དོན་ལུ་ སྤྲོ་སེང་གི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
ད་ལྟོ་ ས་ཆའི་ཞིབ་འཚོལ་དང་འབྲེལ་བའི་ ལཱ་ཚུ་མཇུག་བསྡུ་སྟེ་ འཆར་གཞི་བཟོ་བའི་བསྒང་ཡོདཔ་ད་ ཁྱིམ་རྐྱབ་ནི་གི་ལཱ་དེ་ སང་ཕོད་ཅིག་ལས་ འགོ་བཙུགས་ཚུགས་ནི་ཨིན་མས་ཟེར་ཨིན་པའི་གནས་ཚུལ།


 
བྲིས་མི་ བསམ་གཏན་ཡེ་ཤེས།

No comments:

Post a Comment