གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་འབད་ཡོདཔ།

༡༨/༩/༢༠༡༢   ༉ ཁ་ཙ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་འབད་མི་ལུ་ རབ་གནས་གནང་ཡོདཔ་ད་ འདུ་ཁང་དེ་ དགེ་སློང་ཚུ་གིས་ དུས་རྒྱུན་གྱི་འབུམ་སྡེ་དང་ སྐུ་རིམ་ཚུ་ གནང་ནིའི་དོན་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབང་འདུས་རབ་སྡེའི་ འདུ་ཁང་གསར་བསྒྲུབས་ཀྱི་ རབ་གནས་གནང་པའི་བསྒང་།


འདུ་ཁང་བཟོ་སྐྲུན་གྱི་ལཱ་དེ་ ཟླཝ་༢ ཀྱི་ནང་འཁོད་ལུ་ ཡོངས་རྫོགས་བསྒྲུབས་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གང་མགྱོགས་རྐྱབ་དགོ་པའི་སྐོར་ལས་ བཀའ་རྒྱ་གནང་མི་འཁྲིལ་ཏེ་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ འགོ་བཙུགས་ཡོདཔ་ཨིན་པས།
འདུ་ཁང་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་དེ་ རྒྱ་གར་གཞུང་གིས་ དབང་འདུས་རྫོང་ཉམས་གསོའི་ ལས་འགུལ་གྱི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མིའི་ཐོག་ལས་ བཏང་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ལས་སྐྱིད་དབང་ཕྱུག་གིས་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ནང དབང་འདུས་རྫོང་ མེ་མཆོད་བཞེསཔ་ལས་ཚུར་ དགེ་སློང་ཚུ་གིས་ དུས་རྒྱུན་གྱི་འབུམ་སྡེ་དང་ སྐུ་རིམ་ཚུ་གཏང་སའི་ ས་གོ་མེད་པའི་ དཀའ་ངལ་ཐོནམ་ལས་བརྟེན་ འདུ་ཁང་རྐྱབ་ཅི་ཟེར་ཨིན་པས།
རིང་ཚད་ཕིཊ་༦༣ ལྷགཔ་ཅིག་དང་ རྒྱ་ཚད་ཕིཊ་༣༠ འབད་མི་ འདུ་ཁང་དེ་ནང་ དགེ་སློང་བརྒྱ་ལྷགཔ་ཅིག་ ཤོང་ནི་ཨིནམ་ད་ འདུ་ཁང་ནང་ ཤེལ་གྱི་མཆོད་བཤམ་ཅིག་ཡོད་མིའི་ནང་ ལོ་ངོ་༡༠༠ ལྷགཔ་ཅིག་ལང་མི་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་ སྐུ་འདྲ་ཅིག་ཡོདཔ་ད་ སྐུ་འདྲ་དེ་ རྫོང་མེ་མཆོད་བཞེས་པའི་སྐབས་ གནོད་སྐྱོན་ཚུ་ ག་ནི་ཡང་མ་བྱུང་པར་ ལོག་ཐོབ་མི་ ནང་རྟེན་ཚུ་གི་གྲས་ལས་ བྱིན་ཅན་ཅིག་ཨིནམ་ད་ སྐུ་འདྲ་དེ་ རྒྱུ་ལི་གིས་བསྒྲུབས་པའི་ གསེར་སྒྲོན་མ་ཨིན་པས།
མཆོད་བཤམ་གྱི་ གཡས་ཁ་ཐུག་ལུ་ དཔལ་ཡེ་ཤེས་མགོན་པོ་དང་ ལས་མགོན་བྱ་རོག་གདོང་ཅན་གྱི་ མགོན་ཁང་དང་ གཡོན་ཁ་ཐུག་ལུ་ དཔལ་ལྡན་ལྷ་མོའི་ མགོན་ཁང་ཡོདཔ་ད་ དེ་ནང་ རྒྱུ་ལི་ལས་བསྒྲུབས་མི་ སྐུ་འདྲ་རིང་ཚད་ཕིཊ་༡༥ འབད་མི་ཅིག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནང་ཡོདཔ་ཨིན་པས།
འདུ་ཁང་དེ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༥ གྲོགས་རམ་འབད་མིའི་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
རྒྱ་གར་གཞུང་གིས་ རྫོང་ཉམས་སྲུང་གི་དོན་ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༢༠༠ གྲོགས་རམ་འབད་མིའི་ཐོག་ལས་ དངུལ་ཀྲམ་ས་ཡ་༧༧ དེ་ཅིག་ རབ་སྡེའི་གྲྭ་ཤག་དང་ སློབ་ཁང་བཟོ་སྐྲུན་འབད་ནི་ལུ་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༡༩ དེ་ཅིག་ དགེ་སློང་ཚུ་ བཞེས་སྒོ་བཟའ་སའི་ ཁང་མིག་དང་ རྫོང་བདག་གི་ སྡོད་ཁྱིམ་རྐྱབ་ནིའི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ད་ དེའི་ལྷག་ལུས་དེ་ བ་འཇོ་ཁྲོམ་ནང་ རྫོང་ཁག་བདག་སྐྱོང་གི་ ཡིག་ཚང་རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
སྤུ་ན་ཁ་རྫོང་ཁག་བདག་སྐྱོང་དང་ རྒེད་འོག་༡༡ གི་ མི་སེར་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་ ལོག་བཞེངས་ནིའི་དོན་ལུ་ མ་དངུལ་གྱི་གྲོགས་རམ་ དངུལ་ཀྲམ་ས་ཡ་༡.༥ ཕུལ་བའི་ཁར་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་གི་ཁ་ཐུག་ལས་ མ་དངུལ་གྱི་ གྲོགས་རམ་འབད་མི་དེ་རྩིསཝ་ད་ ད་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་༢.༣ ཞལ་འདེབས་ཕུལ་ཡོད་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment