གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཕྱི་ནང་གཉིས་ཆ་ར་ལས་ མཉམ་འབྲེལ་དགོཔ།

ས་མཚམས་ཁའི་ སྨན་ཚོང་ཁང་ཚུ་ནང་ སྨྱོ་སྨན་ཚུ་ བཀག་འཛིན་མ་འབད་ཚུན་ཚོད་ འབྲུག་ལུ་ སྨྱོ་རྫས་ཀྱི་ དཀའ་ངལ་སེལ་ཐབས་མེདཔ་ཨིན་པས།

༉ སྨན་རིགས་ལོག་སྤྱོད་ཐོག་ སྨྱོ་རྫས་སྦེ་ ལག་ལེན་འཐབ་ནི་དེ་ རྒྱལ་སྤྱིའི་དཀའ་ངལ་ཚབས་ཆེན་ཅིག་ཨིནམ་བཞིན་དུ་ འབྲུག་ལུ་ སྨན་རིགས་ལོག་སྤྱོད་འབད་བའི་ གྱོས་ངན་དེ་ཡང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལས་ ཁྱབ་སྤེལ་སོང་ཡོདཔ་མ་ཚད་ ལོག་སྤྱོད་འབད་མི་ སྨན་རིགས་ཚུ་ཡང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ལས་ར་ ནང་འདྲེན་འབདཝ་ཨིན་པས།

གནས་ཚུལ་མདོར་བསྡུས།།

འགྲེམ་ཡིག་གི་ ཁ་བྱང་བཟོ་ནིའི་དོན་ལུ་ ཐིམ་ཕུ་ ནོར་འཛིན་ལམ་བདའ་སྟེ་ སྒྲིང་ཁྱིམ་ཚུ་གུ་ ཁྱིམ་ཨང་སྦྱར་བའི་བསྒང་།

ཨ་ལུའི་གསོ་འཐུས་ བཏབ་མ་བཏུབ་པའི་རྩོད་རྙོགས།

༉ བུམ་ཐང་རྫོང་ཁག་གི་ ས་ཐག་རིང་ཤོས་ཅིག་ཨིན་མི་ སྟང་རྒེད་འོག་གི་ རྟེན་འབྲེལ་སྒང་ལས་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་སྒྲོལ་མ་དེ་ མོ་རའི་ ཁ་བྱལ་འགྱོ་མི་རྨགཔ་གིས་ ཨ་ལུ་༢ ཀྱི་གསོ་འཐུས་ བཏབ་མ་བཏུབ་པར་ ཡ་མེད་བཙོང་སྡོདཔ་ལས་ རྫོང་ཁག་ཁྲིམས་འདུན་ལུ་བཅར་ཏེ་ བདུན་ཕྲག་༢ ལང་ཡོདཔ་ཨིན་པས།
ཨ་ལུ་༢ ཀྱི་ཨའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ར་ ས་ཐག་རིང་སར་ སྡོད་ནི་དེ་གིས་ ཁྲིམས་འདུན་ལུ་བཅར་ནི་དེ་ ལཱ་ཁག་ཡོདཔ་ལས་ འདས་པའི་བདུན་ཕྲག་༢ དེ་ཅིག་ གཡུས་ཁ་ལས་འོང་སྟེ་ ལྕམ་མཁར་ཁྲོམ་ཁར་ ངོ་ཤེས་མི་ ཨམ་༡ གི་ཁྱིམ་ནང་ གནསཔ་བརྙ་སྟེ་ སྡོད་དོ་ཟེར་ཨིན་པས།


ཕྱིར་བཙོང་དང་ ནང་འདྲེན་ལྟ་རྟོག་གི་ ཐབས་ཤེས་གསརཔ།

༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ཐོན་མི་ལུ་ གདོང་ལེན་འབད་ནིའི་དོན་ལས་ ད་ལས་ཕར་ རྒྱལ་ཁབ་ཀྱི་ ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་ནི་དང་ ནང་འདྲེན་འབད་ནི་ཚུ་ བརྟག་ཞིབ་ལེགས་ཤོམ་འབད་དེ་ ལྟ་རྟོག་འབད་ནི་ཨིན་པས།

སྐྱེས་ལོ་༡༣ མན་ཆད་ཀྱི་ ཕུཊ་བཱོལ་ རྩེད་འགྲན་འབད་དོ་ཡོདཔ།

བློ་གསལ་གླིང་སྡེ་ཚན་(ཁེན་འཇར་ཧོནམོ་)དང་ ཝིཌ་ཟཱིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།
༉ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ སྐྱེས་ལོ་༡༣ འོག་རྒྱུའི་ ཕུཊ་བཱོལ་རྩེད་འགྲན་ ཐེངས་༡༠ པ་དེ་ སྤྱི་ཟླ་༤ པའི་ཚེས་༡༠ ལས་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ དབྱེ་ཁག་ ག་པའི་ ཝིཌ་ཟཱིན་སྡེ་ཚན་དང་ བློ་གསལ་གླིང་སྡེ་ཚན་༢ ཀྱི་ བར་ན་ རྩེད་འགྲན་ འབད་ཡོདཔ་ཨིན་པས། 

སྲིད་ཚོགས་ཕམ་མི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ཆོག་ནི།

༉ སང་ཕོད་ སྤྱི་ཚོགས་དང་འབྲེལ་བའི་ བཙག་འཐུའི་སྐབས་ལུ་ སྲིད་དོན་ཚོགས་པ་༢ ལས་ལྷག་སྟེ་ འཐོན་པ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་༢ བཙག་འཐུ་འབདཝ་ད་ སྲིད་ཚོགས་ཕམ་སོ་མི་ཚུ་གི་ འདེམས་ངོ་ཚུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ རྒྱལ་ཁ་ཐོབ་མི་ སྲིད་ཚོགས་གང་རུང་ནང་ འཛུལ་ཐོག་ལས་ དོ་འགྲན་འབད་ཆོག་ནི་ཨིན་པས།

ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་བ་ཅིན་ ཡངས་ཆག་ མེད་པར་ ཉེས་ཆད་བཀལ་ནི།

ཁ་ཙ་ ཁས་བླངས་པ་ཚུ་གིས་ ཐིམ་ཆུ་བདའ་སྟེ་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་སྒྱོམ་འབད་བའི་བསྒང་།
༉ ཁ་ཙ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ཕྱགས་སྙིགས་བཀག་དམ་དང་འཛིན་སྐྱོང་བཅའ་ཁྲིམས་ ལག་ལེན་འཐབ་ནི་ འགོ་བཙུགསཔ་དང་འབྲེལ་ སྔོན་འགོག་བཟུམ་ཅིག་སྦེ་ ད་ལས་ཕར་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་སར་མཐོང་པ་ཅིན་ ཡངས་ཆག་མེད་པར་ ཉེས་ཆད་བཀལ་ནི་ཨིན་པའི་སྐོར་ལས་ ཆུ་ཚོད་འཁོར་ལོའི་ ཀ་ཆེན་གྱི་ས་ཁོངས་ནང་སྦེ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

ཚོང་སྒྱུར་ལུ་ གཙོ་རིམ་བཟུང་ཐོག་ལས་ རང་འཚོ་རང་ལྡང་བཟོ་ནི།

 རུ་པིའི་དཀའ་ངལ་ལུ་བརྟེན་ གཞུང་གིས་ ད་ཚུན་ སྣང་མེད་བཞག་མི་ སོ་ནམ་སྡེ་ཚན་ལུ་ གཙོ་རིམ་བཟུང་དགོཔ་བྱུང་ཡོདཔ།


༉ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ སོ་ནམ་སྡེ་ཚན་ལུ་ སོ་ནམ་ཐོན་སྐྱེད་ཡར་འཕེལ་དང་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་བརྩམས་མི་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གཙོ་རིམ་བཟུང་ནི་གི་ གོ་སྐབས་ཅིག་ བྱུངམ་ཨིན་པས།
དེ་ཡང་ སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྲུག་འདི་ སྒོང་རྡོག་ཐོན་སྐྱེད་འབད་ནིའི་ནང་ རང་མགོ་རང་འདྲོངས་འགྱོ་ཡོདཔ་ཨིན་རུང་ ཟ་ཆས་གཞན་ཚུ་ མང་ཤོས་ར་ རྒྱ་གར་ལས་ ནང་འདྲེན་འཐབ་མི་ལུ་བརྟེན་ རུ་པི་ས་ཡ་ལས་བཅད་དེ་ ཟད་འགྲོ་བཏངམ་མས་ཟེར་ཨིན་པས།

ཤིང་ཆ་མ་ལང་པའི་ཁར་ གོང་ཚད་ཡར་སེང་།

༉ ཐིམ་ཕུ་ལུ་ བཟོ་སྐྲུན་གྱི་ལཱ་ཚུ་ ཉིནམ་གཅིག་བ་གཅིག་ ཡར་འཕར་འགྱོ་བའི་བསྒང་ཡོདཔ་ལས་ ཁྱིམ་བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་ལུ་  ཤིང་ཆས་ལངམ་འབད་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ ཤིང་ཆས་ཀྱི་ གོང་ཚད་ཡར་སེང་རྐྱབ་མི་ལུ་བརྟེན་ དཀའ་ངལ་སྦོམ་འབད་ར་ ཐོན་དོ་ཡོདཔ་ཨིན་པས།

ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་ཡོདཔ།

ཨ་བ་གཏོར་བཞག་མི་ ས་འཇལ་འཕྲུལ་ཆས།
༉ བུམ་ཐང་རྫོང་ཁག་བདག་སྐྱོང་གིས་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་ རྫོང་ཁག་གི་ ས་འཇལ་འགོ་དཔོན་ཚུ་ ཨུ་ར་རྒེད་འོག་ ཤིང་གཉེར་གཡུས་ཚན་གྱི་ ནང་སྒར་ཨུ་ར་གཞུང་ལམ་ནང་ ས་ཆ་ཚུད་མི་ཚུ་ལུ་ ས་ཚབ་སྤྲོད་ནིའི་དོན་ལས་ ས་འཇལ་བར་འགྱོ་བའི་སྐབས་ མི་ངན་ཚུ་གིས་ ས་འཇལ་འཕྲུལ་ཆས་གུ་ ཨ་བ་གཏོར་བཞག་མི་ལུ་བརྟེན་ ཞིབ་དཔྱད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

རླུང་འཚུབས་ཀྱིས་ དོག་མ་ཤིང་༡,༣༧༢ དང་ གེ་ཟ་ཞིང་ཨེ་ཀར་༦ མེདཔ་བཏང་ཡོདཔ།

རླུང་འཚུབས་ཀྱིས་ སྤོས་དཀར་ཤིང་ལུ་ དོག་མ་ཤིང་ཚུ་ ར་འབལ་བཏང་བའི་མཐོང་སྣང་།
༉ སྤྱི་ཟླ་༤ པའི་ཚེས་༡༢ ཀྱི་ ནུབ་མོའི་ཆུ་ཚོད་༨ དེ་ཅིག་ཁར་ ཕུན་ཚོགས་གླིང་སྤོས་དཀར་ཤིང་ལུ་ རླུང་འཚུབས་ཀྱིས་ ཁྱིམ་གུང་༡༢ ཀྱི་ དོག་མ་ཤིང་༦༩༧ ར་འབལ་བཏང་ནུག་ཟེར་ ཁྲོམ་སྡེ་ཚོགས་པ་དང་ རྒཔོ་གིས་ གནོད་སྐྱོན་བསྡུ་སྒྲིག་འབད་མི་ སྙན་ཞུའི་ནང་བཀོད་ནུག།
རླུང་འཚུབས་ལུ་བརྟེན་ གནོད་སྐྱོན་ཚབས་ཆེན་དེ་ར་ ཕུན་ཚོགས་གླིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་ཁར་ཡོད་མི་ སྤོས་དཀར་ཤིང་ལུ་ བྱུང་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་༡༨ ཡོདཔ་ཨིན་པས།

ཕ་ཇོ་སྡིངས་ལུ་ ལྟ་བཤལ་དང་འབྲེལ་བའི་ སྡོད་སྒར་རྐྱབ་ནི།

༉ སོ་ནམ་དང་ ནགས་ཚལ་ལྷན་ཁག་འོག་གི་ རང་བཞིན་སྤྲོ་འཆམ་དང་ སྐྱེ་ལྡན་དང་འབྲེལ་བའི་ ལྟ་བཤལ་སྡེ་ཚན་གྱིས་ ན་ཧིང་སྤྱི་ཟླ་༥ པའི་ནང་ འབྲུག་བློ་གཏད་མ་དངུལ་ལུ་ ཐིམ་ཕུ་ ཕ་ཇོ་སྡིངས་ལུ་ སྡོད་སྒར་རྐྱབ་ནིའི་དོན་ལུ་ གྲོས་འཆར་བཙུགས་མི་དེ་ ཆོ་འཇོག་གྲུབ་ཡོདཔ་ཨིན་པས།

སྒེར་གྱི་འགྲུལ་སྐྱེལ་བཱསི་༧ ཐེབས་བཙུག་ནི།

༉ ད་རིས་ལས་ འགོ་བཙུགས་ཏེ་ ཐིམ་ཕུ་ཁྲོམ་གྱི་ ས་གནས་ཚུ་ནང་ འབྲུག་འགྲེམ་གྱིས་ ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་ཚུ་དང་གཅིག་ཁར་ མོ་བཏབ་ཀྱི་དོན་ལུ་ སྒེར་གྱི་འགྲུལ་སྐྱེལ་བཱསི་༧ ཐེབས་བཙུགས་མི་དེ་གིས་ མི་མང་ལུ་ འགྲུལ་སྐྱེལ་ཞབས་ཏོག་ འབྱིན་ནི་ཨིན་པས།

གྱི་གསོབ་མི་ ཕོ་སྐྱེས་༤ ལས་༣ འཛིན་བཟུང་འབད་ཡོདཔ།


༉ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་༡ ལུ་ གྱི་གསོབ་བྱིན་མི་ ཕོ་སྐྱེས་༤ ཡོད་མིའི་གྲས་ལས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སྡེ་ཚན་གྱི་འགོ་ཁྲིདཔ་ སྐྱོན་མིང་ཨེ་ཀོང་ཟེར་མི་དེ་ འཛིན་བཟུང་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

གས་རྫས་ལག་ལེན་གྱི་རྩོད་བཤེར་ འཕྲལ་མགྱོགས་ར་ འགོ་བཙུག་ནི།

༉ དབང་འདུས་ཕོ་བྲང་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཅིག་ལུ་ རྫས་བམ་གས་ཐོག་ལས་ རྐུ་བསད་རྐྱབ་པའི་ དོགས་པ་ཡོད་མི་ སློབ་ཕྲུག་༢ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་བཞག་སྟེ་ ཉིན་གྲངས་༤༦ ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ རྩོད་བཤེར་གྱི་དོན་ལུ་ ཉེས་འཛུགས་མ་འབད་བར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་སྡེ་འཛིན་ ཀརྨ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མ་གཞི་ དོ་དམ་འོག་ལུ་ ཡུན་རིངམོ་སྦེ་ སྡོད་དགོཔ་ཅིག་མེད་རུང་ དོགས་པ་ཅན་༢ ཀྱིས་ རྫས་བམ་ལག་ལེན་གྱི་སྐོར་ལས་ ལེགས་ཤོམ་སྦེ་ ཁ་བཟེད་མ་བཏུབ་ནི་དེ་གིས་ ཉེས་འཛུགས་ངེས་ཏིག་སྦེ་ བཀལ་མ་ཚུགས་ཟེར་ཨིན་པས།

གཅན་གཟན་སྟག་ ཉམས་སྲུང་འབད་ནིའི་ལམ་འགྲུལ།

བློན་པོ་ཌོག་ཊར་ པདྨ་རྒྱ་མཚོ་དང་ ནགས་ཚལ་འགོ་དཔོན་ཚུ་ ལམ་འགྲུལ་འབད་བའི་བསྒང་།
༉ ད་ཚུན་གྱི་བར་ན་ རྒྱལ་ཁབ་ཀྱིས་ འཛམ་གླིང་ནང་དཀོན་དྲགས་ཅན་ཅིག་ཨིན་མི་ གཅན་གཟན་སྟག་ཚུ་ ཉམས་སྲུང་འབད་ནིའི་ཐབས་ལམ་སྟོན་བཞིན་དུ་ཡོད་པའི་སྐོར་ལས་ ཁ་ཙ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ འཛམ་གླིང་རི་དྭགས་སེམས་ཅན་མ་དངུལ་༢ མཉམ་འབྲེལ་ཐོག་ལས་  ཐིམ་ཕུ་རྡོ་གདན་ནང་ལས་ རྒྱ་སམ་རྒྱ་ཚུན་ ཀི་ལོ་མི་ཊར་༥ དེ་ཅིག་ རྐང་ཐང་སྦེ་ ལམ་འགྲུལ་འབད་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༉ ཐིམ་ཕུ་ དགོངས་རྫོགས་མཆོད་རྟེན་གྱི་ས་ཁོངས་ནང་ ཉིནམ་ཨ་རྟག་ར་ དྲོ་པ་ལས་ཕྱི་རུ་ཚུན་ མཆོད་རྟེན་སྐོར་ར་རྐྱབ་པའི་ཁར་ མ་ཎི་བགྱང་སྡོད་མི་ ཨང་རྒས་ཚུ་ ཉིནམ་བསྲོ་སྡོད་པའི་བསྒང་།