རླུང་འཚུབས་ཀྱིས་ སྤོས་དཀར་ཤིང་ལུ་ དོག་མ་ཤིང་ཚུ་ ར་འབལ་བཏང་བའི་མཐོང་སྣང་། |
རླུང་འཚུབས་ལུ་བརྟེན་ གནོད་སྐྱོན་ཚབས་ཆེན་དེ་ར་ ཕུན་ཚོགས་གླིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་ཁར་ཡོད་མི་ སྤོས་དཀར་ཤིང་ལུ་ བྱུང་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་༡༨ ཡོདཔ་ཨིན་པས།
དོག་མ་ཤིང་ཚུ་དང་གཅིག་ཁར་ གྲོང་གསེབ་མི་སེར་ཚུ་གི་ དངུལ་ཐོག་གཙོ་བོ་ཅིག་ཨིན་མི་ གེ་ཟ་ཞིང་ཨེ་ཀར་༤ དེ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
ཁྲོམ་སྡེ་ཚོགས་པ་ ཐིར་ཐ་མ་ཡ་ མོང་སྒར་གྱིས་ སླབ་མིའི་ནང་ གནོད་སྐྱོན་ཤུགས་ར་ སྤོས་དཀར་ཤིང་སྟོད་ལུ་ བྱུང་ཡོདཔ་ལས་ གཡུས་ཚན་དེ་ནང་ ཁྱིམ་༤ གི་ ཁྱིམ་ཐོག་ཚུ་ འཕྱག་བདའ་ཡོདཔ་མ་ཚད་ ཁྱིམ་༢ ལུ་ གནོད་སྐྱོན་དུམ་གྲ་རེ་ བྱུང་ནུག་ཟེར་ཨིནམ་ད་ རླུང་མ་ཤུགས་སྦེ་འཕུཝ་ད་ ངང་ལག་ཤིང་ཚུ་ཡང་ ར་འབལ་བཏང་ནུག་ཟེར་ཨིན་པས།
སྡོད་ཁྱིམ་གནོད་སྐྱོན་རྐྱབ་མི་ཚུ་ལུ་ ཁྱིམ་ཚང་ཚུ་གིས་ ཆ་རོགས་འབད་ཐོག་ལས་ བཅོ་ཁ་རྐྱབ་པའི་བསྒང་འདུག་ཟེར་ ཚོགས་པ་གིས་ བཤད་པའི་ཁར་ ཤིང་དེ་ཚུ་ འགྱེལ་བའི་སྐབས་ ཁྱིམ་ཐོག་ཚུ་ མེདཔ་བཏང་ནུག་ཟེར་ སླབ་ཨིན་པས།
ཐིར་ཐ་མ་ཡ་ མོང་སྒར་གྱིས་འབད་བ་ཅིན་ ཤིང་འགྱེལ་མི་ཚུ་ ཐབ་ཤིང་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ མི་སེར་ཚུ་ གྲོང་སྡེ་ལས་འཛིན་གྱི་ གནང་བ་ལུ་ སྒུག་སྡོད་མི་དེ་ཡང་ ནགས་ཤིང་ཚུ་ གནང་བ་མེད་པར་ ལག་ལེན་ འཐབ་མ་ཆོག་ནི་དེ་གི་ཨིན་ཟེར་ཨིན་པས།
རླུང་འཚུབས་དེ་ཡང་ གྲོང་གཡུས་མི་སེར་ཚུ་ དོག་མ་ཤིང་གུ་ལས་ དོག་མ་བཏོག་རན་པའི་ དུས་ཚོད་ལུ་ འཕུ་ཡོདཔ་ད་ ད་རེས་ནངས་པ་ མི་ཚུ་ རླུང་འཚུབས་ཀྱིས་ ར་འབལ་བཏང་མི་ དོག་མ་ཤིང་ཚུ་ལས་ དོག་མ་བཏོག་སྟེ་ཡོད་ཟེར་ ས་གནས་ལུ་སྡོད་མི་ཅིག་གིས་ སླབ་ཨིན་པས།
ད་རུང་ དེ་ཚེ་ནུབ་མོར་ དཔག་བསམ་ཁ་ བསམ་གཏན་གླིང་ གཡུས་ཚན་ནང་ཡང་ རླུང་མ་ཤུགས་སྦེ་ འཕུ་མི་ལུ་བརྟེན་ སྤྱི་འོག་གསུམ་ནང་ ཁྱིམ་གུང་༢༢ ཀྱི་ དོག་མ་ཤིང་༦༧༥ ར་འབལ་བཏང་ནུག་ཟེར་ རྒེད་འོག་བདག་སྐྱོང་འགོ་དཔོན་ དམ་ཆོས་ཀྱིས་ སླབ་ཨིན་པས།
ད་རུང་ སྤྱི་འོག་༢ ཀྱི་ ཁྱིམ་གུང་༤༤ ནང་ གེ་ཟ་ཞིང་ཨེ་ཀར་༢ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཁྱིམ་༤ དང་ རྒེད་འོག་བདག་སྐྱོང་ཡིག་ཚང་དང་ རང་བཞིན་སླར་འབྱུང་ལྟེ་བའི་ ཁྱིམ་ཐོག་ཚུ་ འཕྱག་བདའ་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment