ཆང་རིགས་སྣ་ཚོགས་བཙོང་མི་ཆང་ཁང་། |
ཟད་འགྲོ་ངོ་མ་ར་ ཆང་ལུ་བརྟེན་ མཆིན་ནད་ཐོབ་མི་ཚུ་ རྒྱ་གར་གྱི་སྨན་ཁང་ཚུ་ནང་ སྨན་བཅོས་འབད་བར་ བཏང་བའི་སྐབས་ བྱུང་དོ་ཡོདཔ་ད་ རྒྱལ་ཁབ་ནང་འབད་རུང་ མཆིན་ནད་ཀྱི་ སྨན་བཅོས་འཕྲུལ་ཆས་ཚུ་ རིན་གོང་སྦོམ་སྤྲོད་ཐོག་ལས་ ཉོ་དགོཔ་ཐོན་ནི་དེ་གིས་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ཆང་དང་འབྲེལ་བའི་ནདཔ་ སྨན་བཅོས་འབད་མི་དེ་ རིན་ཐང་ཆེ་བའི་སྐོར་ལས་ རྒྱལ་ཁབ་ཀྱི་སྨན་ཁང་༤༢ ནང་ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༥ ལས་༢༠༠༩ གི་བར་ན་ སྨན་བཅོས་ཀྱི་ཟད་འགྲོ་ དངུལ་ཀྲམ་ས་ཡ་༦༤ གནས་ཡོདཔ་ཨིན་པས།
འདས་པའི་ལོ་༡༠ གྱི་ནང་འཁོད་ལུ་ ཆང་ལུ་བརྟེན་པའི་ནདཔ་༡,༦༠༢ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ ད་རེས་ ཆང་ལུ་བརྟེན་ ཤི་རྐྱེན་བྱུང་མི་དེ་ཡང་ མཐོ་ཤོས་ཅིག་ཨིནམ་ད་ སྤྱི་ལོ་༢༠༠༥ དང་ཕྱདཔ་ད་༢༠༠༩ ལུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་རྐྱངམ་གཅིག་ནང་ར་ ཆང་གིས་ན་མི་ནདཔ་༡༨༥ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ཆང་ལུ་བརྟེན་པའི་ནད་གཞི་ཐོབ་མི་དེ་ ད་རེས་ནངས་པ་ གཞུང་གིས་ ཆང་བཀག་འཛིན་འབད་ནི་མེད་པའི་ཁར་ ཆང་བཙོང་ཆོག་པའི་ ཆོག་ཐམ་བྱིན་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༠ ལུ་ར་ ཆོག་ཐམ་༣,༠༠༠ སྤྲོད་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་ལས་ རྩིས་དཔྱད་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ གཞུང་གིས་ ཆོག་ཐམ་སྤྲོད་བའི་སྐབས་ ཆང་ལག་ལེན་ཐབས་ཐངས་དང་ ཆང་གིས་ གཟུགས་ཁམས་ལུ་ གནོད་ཉེན་ཡོད་པའི་སྐོར་ལས་ཡང་ ལེགས་ཤོམ་སྦེ་ གོ་བ་གསལ་བཤད་འབད་བྱིན་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
དེ་ཡང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་མ་ཚུགས་པའི་ གནད་དོན་ཅིག་ ཆང་ལུ་བརྟེན་པའི་ ནད་བཀག་འབད་ནི་ལུ་ ཤུགས་བཏོན་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ཆང་དེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ བར་ཆད་རྐྱབ་མ་ཚད་ བཟའ་ཚང་ནང་ དཀའ་ངལ་བྱུང་བའི་ རྒྱུ་རྐྱེན་ངོ་མ་ ཆང་ཨིན་པའི་ ངོས་འཛིན་འབད་ཡོདཔ་ཨིན་པས།
མ་གཞི་ ཆང་གི་རིགས་ཚུ་ མང་ཤོས་ར་ ཕྱི་ཁར་ལས་ ནང་འདྲེན་འབད་དོ་ཡོདཔ་ཨིན་རུང་ གྲོང་གཡུས་ཚུ་ལས་ ཐོན་སྐྱེད་འབད་མི་ གཡུས་ཆང་གི་ ལག་ལེན་མཐོ་ཤོས་དེ་ བཀྲིས་སྒང་དང་ མོང་སྒར་རྫོང་ཁག་ནང་ཨིནམ་ད་ ལག་ལེན་ཉུང་ཤོས་འཐབ་མི་དེ་ ཧཱ་དང་ སྤ་རྫོང་ཁག་ཨིན་པས།
ཨིན་རུང་ གསོ་བའི་མཁས་མཆོག་ཅིག་གིས་འབད་བ་ཅིན་ གཡུས་ཆང་དེ་ ཕྱི་ལས་ནང་འདྲེན་འབད་མི་དང་ཕྱདཔ་ད་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་སྐྱོན་ཉུང་ཟེར་ སླབ་ཨིན་པས།
ད་རེས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མཆིན་ནད་ཐོབ་སྟེ་ སྨན་བཅོས་འབད་བའི་བསྒང་ཡོད་མི་ བསམ་གྲུབ་ཀྱིས་འབད་བ་ཅིན་ ཁོ་གིས་ ཕྱི་ཁའི་ཆང་དང་ཕྱདཔ་ད་ གཡུས་ཆང་མངམ་འཐུང་ཡི་ཟེར་ཨིནམ་ད་ དེ་ཡང་ ནང་འདྲེན་འབད་མི་ ཆང་རིགས་ཚུ་ ཉོ་མ་ཚུགས་ནི་དེ་གིས་ཨིན་ཟེར་ཨིནམ་ད་ ནང་འདྲེན་འབད་མི་ ཆང་དམ་སྦྱིས་༡ གི་གོང་ཚད་ཀྱིས་ གཡུས་ཆང་དམ་སྦྱིས་༥ དེ་ཅིག་ འཐོབ་ཚུགས་པས་ཟེར་ཨིན་པས།
ཆང་ལག་ལེན་འཐབ་མི་ཡང་ རང་སོའི་ འབབ་ཁུངས་དང་འཁྲིལ་དོ་ཡོདཔ་ད་ ནང་འདྲེན་འབད་མི་ཆང་ ལག་ལེན་འཐབ་མི་དེ་ མང་ཤོས་ར་ ཐིམ་ཕུ་དང་ ཆུ་ཁ་ གསར་སྤང་ སྤུ་ན་ཁ་ དེ་ལས་ སྤ་རོ་རྫོང་ཁག་ཚུ་ནང་ཨིནམ་མ་ཚད་ ཆང་ལུ་བརྟེན་ཏེ་ ནད་གཞི་ཐོབ་མི་ཚུ་ཡང་ ས་གནས་དེ་ཚུའི་ནང་ སྡོད་མི་ཚུ་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment