ཟླ་༤ པའི་ཚེས་༢༥
༉ སྣུམ་འཁོར་ཊཱག་ལས་ འགྲུལ་སྐྱེལ་བཱསི་ལུ་ བསྒྱུར་བཅོས་འབད་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ དགེ་ལེགས་ཕུག་ལས་ ཨུམ་གླིང་རྒེད་འོག་ནང་ ལོག་འགྱོ་བའི་བར་ན་ ས་གནས་དྭངས་གླིང་གཡུས་ཚན་གྱི་ རི་མགོ་ལུ་ལྷོདཔ་ད་ བཀག་འཕྲུལ་ལཱ་འབད་མ་བཏུབ་པར་ གྱེན་གུ་ལས་ རྒྱབ་བཤུད་རྐྱབ་སྟེ་ འོང་པའི་སྐབས་ སྣུམ་འཁོར་དེ་ནང་ འཛུལ་འོང་མི་ ལམ་འགྲུལཔ་ཅིག་ གྱིབ་འཁོར་གྱིས་ བསྣད་མི་ལུ་བརྟེན་ ཤི་སོཔ་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་དང་ ཨུམ་གླིང་གི་བར་ན་ འགྲོ་འགྲུལ་འབད་མི་ ས་གནས་ཀྱི་ འགྲུལ་སྐྱེལ་བཱསི་གི་ དེད་གཡོགཔ་བརྩིས་ཏེ་ འགྲུལ་པ་༡༧ འབག་སྟེ་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ཨུམ་གླིང་ལུ་ ལོག་འོངམ་ད་ རྐྱེན་ངན་བྱུང་ཡོདཔ་ལས་ རྒེད་འོག་དེ་གི་ གདུང་མིན་གཡུས་ཚན་ལས་ སྐྱེས་ལོ་༣༠ ལང་མི་ སོ་ནམ་ཞིང་པ་ཅིག་ སྣུམ་འཁོར་གྱི་ འཁོར་ལོའི་འོག་ལུ་ཚུད་དེ་ གླེབས་བཏང་ནུག་ཟེར་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེད་གཡོགཔ་གིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལཝ་ད་ སྟག་ལའི་ཆུ་བརྒལ་ཏེ་ རི་མགོའི་གྱེན་ལམ་གུ་ལྷོདཔ་ད་ བཀག་འཕྲུལ་ལཱ་འབད་མ་བཏུབ་པར་ རྒྱབ་བཤུད་རྐྱབ་འོང་ཡོདཔ་ཨིན་རུང་ ས་ཐང་ཅིག་ནང་ ཆགས་ཡོདཔ་ལས་ རྦོབ་རིལ་མ་འགྱོ་བར་ དྲག་ཅི་ཟེར་ཨིན་པས།
དེ་འབདཝ་ད་ སྣུམ་འཁོར་རྒྱབ་བཤུད་རྐྱབ་སྟེ་ མི་ཊར་༡༠༠ དེ་ཅིག་ཁར་ལྷོདཔ་ད་ སྣུམ་འཁོར་གུ་དཔྱངས་ཏེ་སྡོད་མི་ ཚེ་འདས་དེ་ འདྲོག་བྱེལ་འཐབ་སྟེ་ སྣུམ་འཁོར་གུ་ལས་མར་མཆོངསམ་ད་ རྒྱབ་ཁའི་གྱིབ་འཁོར་གྱིས་ བསྣད་བཏང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
འགྲུལ་པ་གཞན་ཚུ་གིས་འབད་བ་ཅིན་ ཁོང་གིས་ ཆང་འགྲངས་ཡོད་མི་ ཚེ་འདས་ལུ་ མ་མཆོང་ཟེར་སླབ་རུང་ ཉན་མ་བཏུབ་པར་ མཆོངས་ད་ཡི་ཟེར་ཨིནམ་ད་ ཚེ་འདས་དེ་ གྱིབ་འཁོར་གྱིས་ བསྣད་བའི་ཤུལ་ལུ་ འགྲུལ་པ་ཆ་རོགས་ཚུ་གིས་ དེ་འཕྲོ་ལས་ ཨུམ་གླིང་སྨན་ཁང་འབྲིང་མའི་ནང་ འབག་སྐྱེལ་བའི་ལམ་ཁར་ ཤི་སོ་ཡི་ཟེར་ འགྲུལ་པ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ བཀྲིས་སྒང་ཝམ་རོང་ལས་ཨིན་རུང་ ཨུམ་གླིང་རྒེད་འོག་ གདུང་མིན་གཡུས་ཚན་ནང་ གཞིས་གསརཔ་ཆགས་མི་ སྡེ་ཚན་དང་པ་ཨིནམ་ད་ ཁོ་གི་ཤུལ་ལུས་ ཨ་ལུ་༤ དང་ གནས་ཚང་ཡོདཔ་ཨིན་པས།
སྣུམ་འཁོར་གྱི་ ཇོ་བདག་ཡང་ཨིན་མི་ དེད་གཡོགཔ་དེ་གིས་ ཁོ་གི་ཊག་དེ་ འགྲུལ་སྐྱེལ་བཱསི་ལུ་ བསྒྱུར་བཅོས་འབད་ཐོག་ལས་ སྤྱི་ལོ་༢༠༡༡ ཟླཝ་༤ པའི་ནང་ དགེ་ལེགས་ཕུག་དང་ ཨུམ་གླིང་གི་བར་ན་ འགྲུལ་སྐྱེལ་ཞབས་ཏོག་སྦེ་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཀུན་གསལ་ལས་བྱེདཔ།
No comments:
Post a Comment