དེ་གི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚོང་དང་འབྲེལ་བའི་ བརྡ་དོན་དང་ གནད་སྡུད་ཚུ་ བསྡུ་ལེན་འབད་ནིའི་དོན་ལས་ གློག་རིག་མཉེན་ཆས་ཅིག་ བཟོ་བའི་བསྒང་ཡོདཔ་ཨིན་པས།
རུ་པི་མ་ལང་པའི་ བྱུང་རྐྱེན་ངོ་མ་ར་ སྤྱི་ལོ་༢༠༡༡ ལུ་ རྒྱ་གར་ལས་ ནང་འདྲེན་ཡར་སེང་སོང་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་མི་ཡོངས་ལུ་ ཕྱིར་བཙོང་གི་སྐོར་ལས་གསུུངས་མི་དང་འཁྲིལཝ་ད་ ལོ་དེ་ནང་ དངུལ་ཀྲམ་ས་ཡ་༤༩༠ གནས་པའི་ ཤ་རིགས་དང་ དངུལ་ཀྲམ་ས་ཡ་༡༦༠ གནས་པའི་ཉ་ དེ་ལས་ དངུལ་ཀྲམ་ས་ཡ་༢༨༦ གནས་པའི་ ཚོད་བསྲེ་ཚུ་ ནང་འདྲེན་འབད་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ལོ་དེ་ནང་ དངུལ་ཀྲམ་དུང་ཕྱུར་༡༤༨ དེ་ཅིག་ ཟད་འགྲོ་བཏང་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ཐོན་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱ་གར་ལས་ ནང་འདྲེན་མཐོ་དྲགས་ འབད་ནི་དེ་གིས་ཨིན་ཟེར་གསུངས་ཡི།
དེ་འབདཝ་ལས་བརྟེན་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་ཆུང་གིས་ རུ་པི་མ་ལང་པའི་སྐོར་ལས་ བརྟག་ཞིབ་འབད་བའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཅ་ཆས་ཚུ་ ཚུལ་མཐུན་སྦེ་ ནང་འདྲེན་འབད་ནིའི་དོན་ལུ་ གཞུང་གི་ལས་སྡེ་ཚུ་གིས་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།
ཅ་དམ་ལས་ཁུངས་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ དེ་ལས་ དངུལ་འབྲེལ་ལས་སྡེ་ཚུ་གི་བར་ན་ གནས་ཚུལ་ཚུ་བརྗེ་སོར་འབད་དེ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་གི་ གྲོས་བསྟུན་འབད་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ཁྱབ་འོག་མ་ པུཤ་པ་ ལཱལ་གྱིས་ སླབ་མིའི་ནང་ ཅ་ཆས་ནང་འདྲེན་དང་ ཕྱིར་བཙོང་འཐབ་མི་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ གློག་རིག་མཉེན་ཆས་ཅིག་ བཟོ་བའི་བསྒང་ཡོད་མི་དེ་གིས་ ཉིན་བསྟར་བཞིན་དུ་ ནང་འདྲེན་འབད་མི་ ཅ་ཆས་ཚུ་དང་ ཕྱིར་བཙོང་འཐབ་མི་ཚུ་ ཁ་གསལ་སྦེ་ ཤེས་ཚུགས་ཟེར་ཨིན་པས།
དེ་བཟུམ་གྱི་ བརྡ་དོན་ཚུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ བསྡུ་ལེན་འབད་དེ་ དངུལ་ཁང་ཚུ་ལུ་ འབྱིན་ནི་ཨིནམ་ད་ བརྡ་དོན་གྱིས་ ཅ་དམ་ལས་ཁུངས་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ད་རུང་ སྤྱི་ཁྱབ་འོག་མ་གིས་ སླབ་ཡོདཔ་ད་ དེ་ཡང་ ཅ་ཆས་དང་ཚོང་གི་སྐོར་ལས་ ལྟ་རྟོག་འབད་མི་དེ་ ཅ་དམ་ལས་ཁུངས་ ཨིནམ་ལས་བརྟེན་ཨིན་པས།
གལ་སྲིད་ བརྡ་དོན་དེ་ ཉིནམ་གྲངས་༩༡ གི་ནང་འཁོད་ལུ་ དབང་འཛིན་ལུ་མ་ལྷོད་པ་ཅིན་ རང་བཞིན་གྱིས་ ཉེན་བརྡ་འབད་བའི་སྐབས་ བརྡ་དོན་ཚུ་ དུས་ཚོད་ཁར་ མ་བཏང་པའི་རྟགས་ཨིནམ་ལས་ དབང་འཛིན་གྱིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཉེས་བྱ་བཀལ་ནི་ཟེར་ཨིན་པས།
དེ་བཟུམ་མའི་ བརྡ་དོན་དེ་ རྒྱ་གར་ལས་ ཚོང་བཏོན་པའི་སྐབས་ལུ་དང་ ཏི་རུ་སྔོན་སྤྲོད་འབད་མི་ཚུ་ཡང་ གློག་རིག་མཉེན་ཆས་ཀྱིས་ བསྡུ་ལེན་འབད་ནི་ཨིནམ་ལས་ ད་ལས་ཕར་ ཚོང་པ་ཚུ་གིས་ ཚོང་བཏོན་མི་ཚུ་ ཤེས་ཚུགས་ནི་ཨིན་པས།
ལམ་ལུགས་བཟོ་མི་དེ་ གཙོ་བོ་རང་ དངུལ་ཁང་ནང་ལས་བཏོན་མི་ ཏི་རུ་ཚུ་ བརྟག་དཔྱད་འབད་དེ་ ཚུལ་མཐུན་ལག་ལེན་འཐབ་བཅུག་ནིའི་དོན་ལུ་ཨིནམ་ད་ དེ་མིན་ རྒྱལ་ཁབ་ནང་འཁོད་ཀྱི་ཏི་རུ་ ག་དེ་སྦེ་ ཕྱི་ཁར་ འགྱོ་དོ་ཡོདཔ་ཨིན་ན་ ཤེས་ཚུགས་ནི་མས་ཟེར་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དཔལ་འབྱོར་མཁས་མཆོག་ཅིག་གིས་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་འགོ་བཙུག་པ་ཅིན་ ཅ་ཆས་ནང་འདྲེན་དང་ ཕྱིར་བཙོང་འབད་མིའི་ ཡིག་ཆ་ཚུ་ བདག་འཛིན་འཐབ་ཚུགས་ནི་ཨིནམ་མ་ཚད་ ཁྲལ་བསྡུ་ལེན་འབད་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིན་པས།
ཨིན་རུང་ མི་གཞན་ཅིག་གིས་ སླབ་མིའི་ནང་ ཚོང་འབྲེལ་འཐབ་མི་ཚུ་ག་ར་ ཚུལ་དང་མཐུནམ་སྦེ་ བརྟག་ཞིབ་འབད་སྡོད་པ་ཅིན་ དུས་ཚོད་ལེ་ཤ་འགོར་ནི་ཨིནམ་ལས་ ལེགས་ཤོམ་སྦེ་ར་ བལྟ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་འབདཝ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་དེ་ མི་འབྱུང་ནི་ཨིན་པའི་ཁར་ ད་ལས་ཕར་ རྒྱལ་ཁབ་ཀྱི་ཕྱི་ཁར་ ཚོང་འབྲེལ་འཐབ་མི་ཚུ་ཡང་ ལྟ་རྟོག་འབད་ཚུགསཔ་ལས་ ད་ལས་ཕར་ ཚོང་དང་འབྲེལ་བའི་བྱ་ངན་ཚུ་ཡང་ བཀག་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment