པདྨ་དགའ་ཚལ་སྨན་ཁང་གི་ སྨན་མཛོད་ཁང་། |
༉ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་བརྩིས་ཏེ་ རྒྱལ་ཁབ་ཀྱི་ རྫོང་ཁག་སྨན་ཁང་ཚུ་ནང་ སྨད་རིགས་ལངམ་མེད་པའི་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་རུང་ པདྨ་དགའ་ཚལ་རྫོང་ཁག་སྨན་ཁང་ནང་ སྨན་ཆ་མཉམ་ཡོདཔ་ཨིན་པས།
དེ་ཡང་ པདྨ་དགའ་ཚལ་དེ་ བསམ་གྲུབ་ལྗོངས་མཁར་དང་ མོང་སྒར་ བཀྲིས་སྒང་ཚུ་དང་ཕྱདཔ་ད་ རྫོང་ཁག་ཆུང་ཀུ་ཅིག་ཨིནམ་མ་ཚད་ མཐའ་ཟུར་ས་ཁོངས་ནང་ ཆགས་ཡོད་རུང་ འདས་པའི་ཟླ་ངོ་༦ གི་རིང་ལུ་ སྨན་རིགས་མ་ལང་པའི་ དཀའ་ངལ་མ་བྱུངམ་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་གི་ ས་རྒྱ་ཀི་ལི་མི་ཊར་གྲུ་བཞི་༡,༣༡༥ ཡོད་མིའི་ནང་ རྒེད་འོག་ཆུང་ཀུ་༡༡ དང་ མི་རློབས་༣༢,༩༨༥ དེ་ཅིག་ཡོདཔ་བཞིན་དུ་ བདུན་ཕྲག་༢ ལྷགཔ་ཅིག་གི་ཧེ་མར་ རྫོང་ཁག་སྨན་ཁང་ནང་ སྨན་རིགས་སྣུམ་འཁོར་ཊཱག་དོས་༡ ལྷོད་ཡོདཔ་མ་ཚད་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ད་རུང་ སྨན་ཊཱག་དོས་༢ ལྷོད་ཡོདཔ་ལས་ སྨན་ལངམ་མེད་པའི་ ཚ་གྱང་ལང་དགོཔ་མེདཔ་ཨིན་པས།
སྨན་ཁང་འདི་ནང་ སྨན་རིགས་དང་ སྨན་ཁབ་མེད་པའི་ དཀའ་ངལ་མ་བྱུང་མི་དེ་ཡང་ རྫོང་ཁག་ནང་ཡོད་མི་ སྨན་ཁང་འབྲིང་མ་ཚུ་ནང་ལས་ སྨན་རིགས་ཚུ་ ལེན་ནི་གི་ ལམ་ལུགས་གསརཔ་ཅིག་ ལག་ལེན་འཐབ་ནི་དེ་གིས་ཨིན་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྨན་པ་ཚུ་གིས་ ཐབས་ལམ་དག་པ་ཅིག་ ལག་ལེན་འཐབ་མི་དེ་ཡང་ སྨན་ཁང་དེ་གིས་ སྨན་པ་ཚུ་ རྫོང་ཁག་གི་ སྨན་ཁང་འབྲིང་མ་ཆ་མཉམ་ནང་ བཏང་ཐོག་ལས་ དུས་རྫོགས་ཚེས་གྲངས་རན་མི་ སྨན་རིགས་ལག་ལེན་མ་འཐབ་པར་ ལུས་ཡོད་མེད་བལྟ་ཞིནམ་ལས་ ཐེབས་ཡོད་མི་ཚུ་ རྫོང་ཁག་སྨན་ཁང་ནང་ འབག་འོང་དོ་ཡོདཔ་ཨིན་པས།
ད་རུང་ སྨན་ཁང་དེ་གིས་ ནདཔ་ཚུ་ སྨན་ལེན་པར་ མི་ངོམ་སྦེ་ སྨན་ཁང་ནང་ མ་འོང་མི་ཚུ་ལུ་ སྨན་བྱིན་ནི་ མཚམས་འཇོག་འབད་ཡོདཔ་ད་ སྨན་བཅོས་འགོ་དཔོན་ ཌོག་ཊར་ཐུབ་བརྟན་ཆོས་འཕེལ་གྱིས་འབད་བ་ཅིན་ སྨན་ཁང་དེ་ནང་ སྨན་ལེན་ནིའི་དོན་ལུ་ ནདཔ་ངོ་མ་མ་འོང་པར་ སྨན་ཡིག་འབག་འོང་མི་ ཉིན་བསྟར་བཞིན་དུ་ མི་༡༠ དེ་རེ་ འོངམ་མས་ཟེར་ཨིན་པས།
གལ་སྲིད་ ནདཔ་ཚུ་ ཁོང་རའི་སྨན་ལེན་པར་ འོང་ནི་ལུ་ ཐེ་ཚོམ་ཟ་བ་ཅིན་ ཁོང་གིས་ སྨན་བཟའ་ནི་ལུ་ སྤྲོ་བ་མེད་པའི་ བརྡ་མཚོན་སྟོན་དོ་ཡོདཔ་ལས་ ང་བཅས་ཀྱིས་ མི་གཞན་གྱི་ལག་པར་ སྨན་སྤྲོད་ནི་དེ་ མཚམས་འཇོག་འབད་ཡི་ཟེར་ ཌོག་ཊར་ཐུབ་བརྟན་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ སྨན་ཁང་འབྲིང་མ་ཚུ་ནང་ སྨན་རིགས་ལག་ལེན་ཧྲིལ་བུ་མེད་པར་ ལུས་མི་དེ་ཡང་ ད་རེས་ནངས་པ་ རྒེད་འོག་མང་ཤོས་ཅིག་ནང་ འཁོར་ལམ་ལྷོད་ཡོད་མི་ལུ་བརྟེན་ ནདཔཚུ་གིས་ སྨན་ཁང་འབྲིང་མ་ཚུ་ནང་ མ་འགྱོ་བར་ ཐད་ཀར་དུ་ རྫོང་ཁག་སྨན་ཁང་ནང་ འོང་ནི་དེ་གིས་ཨིན་ཟེར་ སྨན་བཅོས་འགོ་དཔོན་གྱིས་ སླབ་ཨིན་པས།
སྨན་ཁང་འབྲིང་མ་ཚུ་ནང་ སྨན་ལག་ལེན་མེད་པར་ ལུས་མི་ཚུ་ རྫོང་ཁག་སྨན་ཁང་ནང་ མཁོ་གལ་ཡོད་མི་ལུ་བརྟེན་ ང་བཅས་ཀྱིས་ བསྡུ་ལེན་འབདཝ་ཨིན་ཟེར་ རྫོང་ཁག་སྨན་བཅོས་འགོ་དཔོན་ གོ་པཱལ་ ཧིང་མང་གིས་ བཤདཔ་ཨིན་པས།
གསོ་བའི་ལྷན་ཁག་ལས་ འཛིན་སྐྱོང་བཀའ་རྒྱ་ཅིག་ ཐོབ་པའི་ཤུལ་ལས་ སྨན་ཁང་དེ་གིས་ སྨན་རིགས་ ཚད་ཅིག་ལས་བརྒལ་མེད་མི་ཚུ་ དུས་རྫོགས་ཚེས་གྲངས་དང་བཅསཔ་སྦེ་ ཐོ་བཀོད་འབདཝ་མ་ཚད་ རྫོང་ཁག་སྨན་ཁང་གཞན་ཚུ་དང་ གྲོས་བསྡུར་འབད་དེ་ སྨན་མེད་མི་ སྨན་ཁང་ཚུ་ལུ་ མཁོ་སྤྲོད་འབད་དོ་ཡོདཔ་ཨིན་པས།
ཟླཝ་༣ དེ་ཅིག་གི་ཧེ་མར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཧེ་པ་ཊེ་ཊིསི་སྨན་ཁབ་མེད་པའི་སྐབས་ པདྨ་དགའ་ཚལ་སྨན་ཁང་ལས་ བསྐྱལ་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ སྨན་ཁབ་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ ནདཔ་ཕུད་རྡོག་གཅིག་ཡང་ སྨན་བཅོས་མ་འབད་བར་ ལོག་བཏང་ཡོད་པའི་ གནས་ཐོ་མེད་ཟེར་ གསོ་བའི་ལས་རོགས་ ཚེ་རིང་དབང་མོ་གིས་ སླབ་ཨིན་པའི་གནས་ཚུལ།
ཀུན་གསལ་ལས་བྱེདཔ།
No comments:
Post a Comment