བཀྲིས་གཡང་རྩེ་ ཁམས་དྭངས་ཀྱི་ ཨེ་མ་གསརཔ། |
ཚོད་བསྲེ་ཉོ་མི་ཚུ་གིས་ ལོ་བསྟར་གྱི་ ཨེ་མ་གསརཔ་ འགོ་དང་པ་ བཟའ་ནི་ཐོབ་མི་ལུ་བརྟེན་ སེམས་ལུ་དགའ་སྤྲོ་བྱུང་ཡོདཔ་ཨིན་རུང་ གོང་ཚད་ཚུ་ མཐོ་དྲགས་སྤྲོད་དགོ་མི་དེ་ དོ་འགྲན་ཅན་ཅིག་སྦེ་ མཐོངམ་ཨིན་པས།
ཨ་རྟག་འབད་བ་ཅིན་ ཨེ་མ་གསརཔ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་རུང་ དུས་ཅི་ ཁམས་དྭངས་ལུ་ ཆར་ཆུ་དཀོན་མི་ལུ་བརྟེན་ ཨེ་མའི་ཐོན་ཁུངས་ལེགས་ཤོམ་མེདཔ་ལས་ ཁ་ཙ་ ཨེ་མ་ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་༡༦༠ རེ་ཡང་ ཐོབ་མ་ཚུགསཔ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ སྟོང་ཞང་བཱའི་ནང་མཁར་ལས་ སྐྱེས་ལོ་༤༨ ལང་མི་ ཀུན་བཟང་གིས་ ད་རེས་ནངས་པ་ མོང་སྒར་ཁྲོམ་ཁར་ བཛྲ་གུ་རུ་དུང་གྲུབ་ཀྱི་སྐབས་འཛོམས་མི་ མི་སེར་ཚུ་གི་དོན་ལུ་དམིགས་ཏེ་ ཨེ་མ་ཀེ་ཇི་༦༠ དེ་ཅིག་ བཙོང་པར་འབག་འོང་ཡོདཔ་ཨིན་པས།
མོང་སྒར་ལས་ ཚོད་བསྲེ་བཙོང་མི་ སངས་རྒྱས་ཀྱིས་སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་གིས་ཡང་ བཀྲིས་གཡང་རྩེའི་ ཨེ་མ་དང་ཕྱདཔ་ད་ ཧ་སུ་སྦེ་ ཐོན་སྐྱེད་འབད་ཚུགས་པའི་ རེ་བ་བསྐྱེད་དེ་ ག་དེམ་ཅིག་རྩ་འགེངས་རུང་ ཁོ་གི་ཞིང་ཁར་ ཨེ་མ་འཚོ་ནི་ལུ་ ད་རུང་ ཟླཝ་༡ འགོར་ནི་ཨིནམ་སྦེ་ སླབ་ཅི།
ཁོ་གིས་འབད་བ་ཅིན་ ཁོ་གིས་ ཨེ་མའི་ཐོན་སྐྱེད་ ག་དེམ་ཅིག་ ལེགས་ཤོམ་འབད་ཚུགས་རུང་ གོང་ཚད་མར་འབབ་འགྱོ་བའི་དུས་ཚོད་ཁར་མ་གཏོགས་ བཙོང་མ་ཚུགས་ནི་དེ་གིས་ གཡང་རྩེའི་མི་སེར་ཚུ་བཟུམ་སྦེ་ འོང་འབབ་སྦོམ་ བཟོ་མི་ཚུགས་པས་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ ས་མཁའ་མཐོ་དམན་དང་འཁྲིལ་ ལྕངམ་བཙུག་ནིའི་དུས་ཚོད་དེ་ཡང་ མ་འདྲཝ་ཡོད་མི་དང་འཁྲིལ་ ཁམས་དྭངས་གཡུས་ཚན་ནང་འབད་བ་ཅིན་ རང་ཟླ་༡༡ པ་དང་༡༢ པའི་ནང་བཙུགས་དོ་ཡོདཔ་ ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།
No comments:
Post a Comment