ཤ་བཅད་མི་ སྡེ་ཚན་གྱིས་ སྤྱང་ཁྱི་༡ གཤག་བཅོས་མ་འབད་བའི་ཧེ་མར་ དྲན་མེད་བརྒྱལ་ནིའི་ ཁབ་བཙུགས་པའི་བསྒང་། |
དེ་ཡང་ སྒོ་ནོར་ལས་ཁུངས་དང་ འགྲོ་བ་མིའི་ལས་ཚོགས་ཀྱིས་ མཉམ་འབྲེལ་ཐོག་ལུ་ ད་རེས་ནངས་པ་ ཕུན་ཚོགས་གླིང་ལུ་ རྒྱལ་སྤྱི་ལས་ཚོགས་ཀྱི་ སྡེ་ཚན་གྱིས་ རྒྱལ་ཡོངས་རོ་ཁྱི་དང་ འཆོལ་ནད་བཀག་འཛིན་གྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
སྡེ་ཚན་གྱི་འགོ་ཁྲིདཔ་ ཌོག་ཊར་ནེ་རཱཇ་ ཀུ་མར་གྱིས་ སླབ་མིའི་ནང་ རོ་ཁྱི་ཚུ་ ཁྲོམ་ཁ་ལས་ཕར་ སྤྱང་འཁྱམས་སྡོད་སར་མཐོང་རུང་ ཕར་ཚུར་རྒྱུན་འགྲུལ་འབད་མི་ སྣུམ་འཁོར་ལེ་ཤ་ཡོད་མི་ལུ་བརྟེན་ བཟུང་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཨིན་རུང་ ལས་རིམ་འགོ་བཙུགས་ཏེ་ བདུན་ཕྲག་གསུམ་གྱི་ ནང་འཁོད་ལུ་ སྡེ་ཚན་དེ་གིས་ སྤྱང་ཁྱི་བསྡོམས་༣,༠༡༡ གི་ ཤ་བཅད་འབད་ཡོདཔ་མ་ཚད་ ཁ་ཙ་ ཁྲོམ་ཁ་ལས་ སྤྱང་ཁྱི་༡༡ བཟུང་སྟེ་ ཤ་བཏོག་ནུག།
ལས་རིམ་དེ་ སྤྱི་ལོ་༢༠༠༩ ལུ་ འགོ་འདྲེན་འཐབ་མིའི་ འཕྲོ་མཐུད་ཨིན་མི་དེ་ཡང་ ས་མཚམས་ཁྲོམ་སྡེའི་ནང་ སྤྱང་ཁྱིའི་གྱངས་ཁ་མར་ཕབ་རྐྱབ་ནི་དང་ རོ་ཁྱི་ལུ་བརྟེན་ཐོབ་མི་ནད་གཞི་ དཔེར་ན་ འཆོལ་ནད་དང་ པགས་ནད་ རྐོང་ནད་ཚུ་ བཀག་ཐབས་ལུ་ཨིན་པས།
ཁྲོམ་དེ་ནང་ རོ་ཁྱིའི་གྱངས་ཁ་མར་བབས་སོང་ཡོད་རུང་ ཕུན་ཚོགས་གླིང་དང་ རྒྱ་གར་གྱི་ཁྲོམ་སྡེ་ ཇའི་སྒང་གི་བར་ན་ ས་མཚམས་ སྒོ་ཡངས་དྲགས་ཡོད་ནི་དེ་གིས་ རོ་ཁྱིའི་གྱངས་ཁ་ངེས་ཏིག་སྦེ་ སླབ་མི་ཚུགས་པས་ཟེར་ སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཌོག་ཊར་ནི་རཱཇ་ཀུ་མར་གྱིས་ སླབ་མིའི་ནང་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་དང་ ཕུན་ཚོགས་གླིང་ལུ་ རོ་ཁྱིའི་གྱངས་ཁ་མར་ཕབ་འབད་ཐབས་ལུ་ ཇའི་སྒང་གི་ མི་ཚུ་གིས་ མཉམ་འབྲེལ་འབད་བ་ཅིན་ ཇའི་སྒང་ལུ་ཡང་ ལས་རིམ་དེ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ཧེ་མར་ སྡེ་ཚན་དེ་གིས་ བསམ་རྩེ་ལུ་ དུས་ཡུན་ཟླ་ངོ་༤ གི་རིང་ལུ་ སྤྱང་ཁྱི་༡,༥༠༠ དེ་ཅིག་ལུ་ ཤ་བཅད་འབད་ཡོདཔ་ཨིན་པས།
ད་རུང་ སྡེ་ཚན་༢ ཀྱིས་ མགར་ས་དང་ དགེ་ལེགས་ཕུག་ལུ་ཡང་ ལས་རིམ་དེ་ འགོ་བཙུགས་ཏེ་ཡོདཔ་ད་ མགར་སའི་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལས་ འགོ་བཙུགས་པའི་ཤུལ་ལུ་ སྡེ་ཚན་དེ་གིས་ སྤྱང་ཁྱི་༧༠ དེ་ཅིག་ ཤ་བཅད་ཡོདཔ་ཨིན་རུང་ དགེ་ལེགས་ཕུག་གི་ཐད་ལུ་ གནས་སྡུད་ཐོབ་མ་ཚུགས།
རྒྱལ་སྤྱི་འགྲོ་བ་མིའི་ལས་ཚོགས་ཀྱིས་ སྒོ་ནོར་ལས་ཁུངས་དང་ མཉམ་འབྲེལ་འབད་དེ་ སྤྱི་ལོ་༢༠༠༩ ཟླཝ་༩ པ་ལས་ འགོ་བཙུགས་མི་ རྒྱལ་ཡོངས་རོ་ཁྱི་གྲངས་རྩིས་འཛིན་སྐྱོང་དང་ འཆོལ་ནད་བཀག་ཐབས་ལས་རིམ་ ལོ་༣ འབད་མི་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ སྤྱི་ལོ་༢༠༡༥ ཟླཝ་༦ པ་ཚུན་ དུས་ཡུན་ཡར་སེང་རྐྱབ་ཡོདཔ་ཨིན་པས།
ལས་ཚོགས་ཀྱི་ མཉམ་འབྲེལ་འགོ་དཔོན་ ཌོག་ཊར་ར་ཇེཤ་པཱན་ཌེ་གིས་ སླབ་མིའི་ནང་ ཁོང་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྤྱང་ཁྱི་༥༠,༠༠༠ ཤ་བཅད་ནི་གི་ དམིགས་གཏད་ཡོད་རུང་ སྡེ་ཚན་གྱིས་ མཐའ་ཟུར་རྒེད་འོག་ཚུ་ནང་ ལྟ་སྐོར་འབད་བའི་སྐབས་ ཤ་མ་བཅད་པར་ལུས་མི་ རོ་ཁྱི་ལེ་ཤ་ཡོདཔ་ལས་ དུས་ཡུན་ཡར་སེང་འབད་ཡི་ཟེར་ཨིནམ་ད་ ང་བཅས་ཀྱིས་ ས་གནས་དེ་ཚུའི་ནང་ བཀག་ཐབས་མ་འབད་བ་ཅིན་ རོ་ཁྱིའི་གྱངས་ཁ་དེ་ ཡར་སེང་འགྱོ་འོང་ཟེར་ སླབ་ཨིན་པས།
རྒྱལ་སྤྱི་འགྲོ་བ་མིའི་ལས་ཚོགས་ཀྱིས་ སྤྱི་ལོ་༢༠༠༩ ཟླཝ་༢ པ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ཚོད་ རྫོང་ཁག་༡༨ ནང་ སྤྱང་ཁྱི་བསྡོམས་༣༤,༩༢༥ ལུ་ ཤ་བཅད་ཡོད་པའི་གནས་ཚུལ།
No comments:
Post a Comment