ད་རུང་ སྟོང་ལོར་རྫུས་མ་༦༡,༠༠༠ མ་ཐོབ་པར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཕྱོག་བཟུང་འབད་མི་ སྟོང་ལོར་རྫུས་མ་ཚུ། |
དེ་འབདཝ་ད་ ཁོ་གིས་ དངུལ་ལོར་རྫུས་མ་ཚུ་ རྒྱལ་ཁབ་ནང་ བགོ་བཀྲམ་འབད་ནིའི་དོན་ལུ་ འབག་འོང་འོངམ་མེན་ཟེར་ ཞུ་ཡོདཔ་ད་ རྩོད་བཤེར་དེ་ སྤྱི་ཟླ་༣ པའི་ཚེས་༢༦ ལས་ འགོ་བཙུགས་ཡོད་རུང་ སྙན་གསན་མཇུག་བསྡུ་ཚུགས་ཚུགས་ལུ་ ད་རུང་ བདུན་ཕྲག་༡ དེ་ཅིག་ འགོར་ནི་མས་ཟེར་ ཁྲིམས་འདུན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བཀྲིས་སྡིངས་རྒེད་འོག་ གཤམ་རྡོ་ལེགས་གཡུས་ཚན་ལས་ཨིན་མི་ ཕོ་སྐྱེས་དེ་གིས་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ དངུལ་ལོར་ངོ་མ་ དངུལ་ཀྲམ་༧༥,༠༠༠ སྤྲོད་དེ་ སྟོང་ལོར་རྫུས་མ་༡༥༠,༠༠༠ འབག་འོང་ཡི་ཟེར་ ཁྲིམས་འདུན་ལུ་ཞུ་ནུག།
སྟོང་ལོར་རྫུས་མ་༡༥༠,༠༠༠ ལས་ ད་ཚུན་གྱི་བར་ན་ རྩི་རང་གི་ ཁྲིམས་སྲུང་འགག་པ་གིས་ ༨༩,༠༠༠ འཕྱོག་བཟུང་འབད་མི་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ཡང་ དངུལ་ལོར་རྫུས་མ་ཨིན་པའི་ ངོས་འཛིན་འབད་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཉེས་ལས་ཀྱི་གྱོས་དཔོན་དང་ ཁོ་གི་ཕོ་རྒནམ་ སྐྱེས་ལོ་༢༨ ལང་མི་དེ་ རྩི་རང་ལྕང་ལྕེ་ཁྲོམ་གྱི་ ཚོང་ཁང་ཅིག་ནང་ལས་ དངུལ་ཀྲམ་༣,༠༠༠ དེ་ཅིག་གི་ ཚོང་ཆས་ཉོ་བའི་ཤུལ་ལུ་ ཚོང་པ་དེ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འགོ་ཐོག་སྐབས་ ཁོང་གིས་ ཁྲིམས་སྲུང་འགག་པ་ལུ་ ཇའི་སྒང་ལས་ དངུལ་ཀྲམ་༡༩,༠༠༠ སྤྲོད་དེ་ དངུལ་ལོར་རྫུས་མ་༣༨,༠༠༠ ལེན་ཡོདཔ་སྦེ་ སླབ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་ དར་དཀར་ནང་རྫོང་ཁག་ནང་འཁོད་ལས་ དངུལ་ལོར་རྫུས་མ་མངམ་སྦེ་ འཕྱོག་བཟུང་འབད་བའི་ཤུལ་ལས་ དངུལ་ཀྲམ་༢༥,༠༠༠ དང་ སྟོང་ལོར་རྫུས་མ་༥༠,༠༠༠ བརྗེ་སོར་འབད་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ད་རུང་ སྟོང་ལོར་རྫུས་མ་༦༡,༠༠༠ འཕྱོག་བཟུང་འབད་དགོཔ་ཡོདཔ་ཨིན་པའི་གནས་ཚུལ།
ཀུན་གསལ་ལས་བྱེདཔ།
No comments:
Post a Comment